
གྲགས་པ་རྒྱ་མཚོའམ་ས་དམར་གྲགས་པ། ལོ་རབས་བརྒྱད་བཅུའི་ནང་མདོ་སྨད་ཅོ་ནེ་ས་དམར་དུ་སྐྱེས། ཆུང་དུས་སུ་གྲྭ་བ་བྱས་ཤིང་རྗེས་སུ་ལྷ་སའི་ལམ་བཟང་སློབ་གྲྭ་དང་། ལོའུ་ཞོན་རྩོམ་རིག་གླིང་སོགས་འགྲིམས། རང་ལོ་བཅུ་དྲུག་ནས་རྩོམ་རིག་ལ་དད་པའི་བྱས་འབྲས་སུ<སྦྲང་ཆར>དང་<བོད་ཀྱི་རྩོམ་རིག་སྒྱུ་རྩལ><ཟླ་ཟེར><གངས་རྒྱན་མེ་ཏོག><ཀྲུང་གོའི་རྩོམ་རིག><མི་རིགས་ཀྱི་རྩོམ་རིག><ནུབ་ཕྱོགས><བོད་ཀྱི་རྩོམ་རིག>སོགས་གཙོ་བོས་བོད་རྒྱ་གཉིས་ཀྱི་དུས་དེབ་དང་ཚགས་ཤོག་ལྔ་བཅུ་ལྷག་གི་སྟེང་དུ་སྙན་ངག་དང་། བསྒྱུར་རྩོམ། གཞས་ཚིག བརྩམས་སྒྲུང་། ལྷུག་རྩོམ་སོགས་རྩོམ་ལུས་མི་འདྲ་བ་བཞི་བརྒྱ་ལྷག་བཀོད། སྔ་རྗེས་སུ་སྐབས་གསུམ་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་དང་། བོད་ཀྱི་དེང་རབས་ན་གཞོན་རྩོམ་པ་བོའི་མཚན་སྙན་བྱ་དགའ་སོགས་ཐོབ། སྒེར་དེབ<སེམས་ཚགས>དང<རྨི་ལམ་ནང་གི་འོད་ཁང་>པར་དུ་བསྐྲུན། ལྷ་སའི་ལམ་བཟང་གཟའ་སྤེན་པའི་བགྲོ་གླེང་དང་། ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་སྙན་ངག་གྱེར་འདོན། ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་ཁ་བྱང་གཅིག་པའི་རྩོམ་ཡིག་འགྲེན་བསྡུར་སོགས་གཙོ་སྐྱོང་བྱས། ༢༠༡༥ལོར་སྒེར་དེབ<རྨི་ལམ་ནང་གི་འོད་ཁང་>ཨ་རུའི་བུར་ཇུ་ཉི་ཡ་གཙུག་ལག་སློབ་ཆེན་གྱི་ཡ་གླིང་གསུང་རབ་དཔེ་མཛོད་ཁང་དུ་བསྡུ་ཉར་བྱས། ད་ལྟ་དབུས་ལྷ་ལྡན་གྲོང་དུ་གནས་སྡོད་བྱས་ཡོད་དོ།།
ལོ་རྒྱུས་ཀྱི་རྡུལ་ཕྱིས་པ།
གནའ་བོའི་རྟ་དམག་གིས་རྙེད་པའི་གནས་མལ་བཤིག་རྗེས
ཁྱོད་ལ་ཤུན་ཀོག་ཁོ་ན་ལས་ཅི་ཡང་ལྷག་མི་འདུག
ཕྱིར་མི་འོང་བའི་ལོ་ཟླ་ཤོག་ལེ་གང་གིས
སང་ཉིན་གྱི་ཉི་འོད་བསུ་ཐུབ་བམ
སེམས་ཀྱིས་བཙགས་པའི་མར་ཁུ་ཀོང་བུ་གང
མིག་མཐའི་སྤང་དུ་སྒྲོན་ཡང
ཅོ་ནེ ཁྱེད་རང་ས་ནས་མ་སྐྱེས་པས
ངས་ངག་ནས་ཇི་ལྟར་བརྗོད
ཀྱེ་ཧུད ང་ཡི་ཕ་ཡུལ
༢༠༡༦།༡།༢༨ཉིན་ཅོ་ནེ་མདོ་རུ་གྲུབ།
གྲང་ངར་རུས་ལ་ཟུག་པའི་རྒོད་སྡེ་དེ་གང་དུ་ཡོད།
རླུང་གི་གཏེར་ཐག་ལ་བརྒྱུས་པའི་ངག་གི་རོལ་མོ་སྣ་ཚོགས་ཤིག
ཉི་མའི་ཁ་ལེབ་འོག་གི་རྡོ་ལེབ་འཁྱག་པ་ཞིག་གིས་རུམ
རྟ་མཆོག་གི་རྨིག་པ་རྡོ་ལ་འབྱར་བའི་རྗེས་ཤུལ་ཏུ
རྨ་ཆུ་རྨ་ཆུ་བཞིན་བཞུར་ནས་སྐམ་བཞིན་གདའ
སྣང་བ་མེ་ཏོག་གི་ལོ་འདབ
སེམས་པའི་མེ་ལོང་ལས་ཕྱིས་པས
མི་སྡུག་ཉམས་ཐག་གི་ཞལ་ངོ
སྤྲིན་པའི་ཡོལ་ངོས་ནས་བསུབས་སོང
རྨ་ཆུ སེམས་ནད་བྱུང་རྗེས་ཀྱི་སྨན་ཐུན་ཞིག་དང་འདྲ་བར
ངས་རང་གི་སེམས་སུ་བརྐོས་ཏེ
ལག་ངོར་བྲིས་ཡོད
༢༠༡༦།༡།༢༧ཉིན་རྨ་ཆུ་རུ་གྲུབ།

དྲི་བ་ཞིག་གི་ལེན་དུ།
ང་ཡིས་ཉི་འོད་བརྡར་ནས་མེ་མདའ་ཞིག་བཟོ་དགོས
ཞོར་དུ་མདེའུ་ཞིག་ཀྱང་བཟོ་དགོས
ཉིན་ཞིག་དཔྲལ་བར་མེ་ཏོག་གི་རྗེས་ཤུལ་ཞིག་དཔར་ཏེ
འཇིག་རྟེན་ལ་རྫོགས་ཚིག་འགོད་དགོས
དགོས་པ་འདི་དག་ལས་བདག་ལ་གཅིག་ཀྱང་མེད་པས
ང་རང་སྙན་ངག་པ་ཞིག་བྱས་པ་ཡིན
༢༠༡༦།༡།༢༠ཉིན་གཙོས་སུ་གྲུབ།
གར་མཁན།
བྱ་རྒོད་ལྷོད་ཀྱིས་ལྷོད་ཀྱིས་གནམ་འཕང་བསྟོད
གཤོག་སྣེ་ས་ལ་དྲུད་ཙམ་བྱས་པས
དགུན་ལ་མེ་ཏོག་བཞད་སོང
གསོན་པོའི་རྣམ་ཤེས་འགུགས་པའི་གཤོག་སྒྲོ་ཡིས
གཡུ་ཡི་ཕྲ་སྒུལ བྱི་རུའི་ཏོག་སྒུལ
ལུས་དང་རྣམ་ཤེས་བྲལ་བ་ཡིས
གར་གྱི་མཚོ་ལ་ལྷུང
ཕོ་རྒོད་ཚོ་བྱ་རྒོད་ལྡིང་ལྡིང མོ་གསར་ཚོ་གླག་མོ་གཞོལ་གཞོལ
གར་གྱིས་འཕྲུལ་བསྟན་ཏེ
རྒྱུ་མར་མེ་འབར ལུས་པོའི་ལྷུ་ཐོར
ས་ཡངས་པོ་བྱང་ཐང་གཡང་གི་ར་བ་རུ
གཡང་ཆགས་མེ་ཏོག་བཞད་བྱུང
འབྲོག་སྤང་ཐང་མིག་ལ་བཏབ་པས
ལུས་གྲང་མོ་དགའ་བས་བཙོས
གར་མཁན་རྣམས་ལྷོད་ཀྱིས་ལྷོད་ཀྱིས་འཕུར་བས
ང་ཡི་ནམ་མཁའ་གར་གྱིས་གཡོགས
རླབས་ཀྱིས་སྟངས་སྟབས་འཕྱོ
རུས་ལ་ཟུག་པ་རྣམས
བེམ་པོའི་སྲོག་ཏུ་ཞུགས་པ་ཡིས
ཚེ་ཡི་མདུད་པ་མིག་ལ་བརྒྱབ་ཡོད
བཀྲ་ལ་ཤིས་པར་ཤོག
རོ་བརྒྱ་ཟས་ཀྱིས་བཟི་བའི་མི་ཚོགས་ཨང
གར་གྱི་མཆོད་པ་གཙང་མ་འདི་བཞེས་གནང་རོགས་ཞུ
༢༠༡༥།༡༢།༡ཉིན་ཐབ་ཚང་དུ་གྲུབ།
དབྱངས་བཟོ་བ།
ཉི་འོད་ཀྱིས་མཐོང་ལམ་ནས་ལག་པ་ཕར་ལ་བསྲིངས་པས
སོར་མོས་ཆུ་བོ་ཞིག་གི་ཁུག་པར་རེག
ལྷ་ས་ནི་འོད་ཀྱིས་གྲུབ་པའི་སྐར་ཁུང་ཞིག་ལས
ས་རུ་ལྷུང་བའི་ངག་མི་སྨྲ་བའི་ཚིག་མཛོད་ཆེན་པོ་ཞིག
དབྱངས་བཟོ་མཁན་གྱི་མི་དེ
སྐད་ཆའི་ཐག་པས་བསྡམས་ཏེ་བསད
རུས་པ་འཆའ་བའི་སྒྲ་ལས་བྱ་རྒོད་འབབ་པ་མཐོང་ཡང
རུས་མཛོད་ཀྱི་རྒྱ་ལས་ཤོར་བའི་མིང་ཚིག་དེ
ཨ་ཡིག་ལ་དཔར
ལྷ་ས ལྷ་ས ལྷ་ས
ང་ཡི་མིག་ནས་བསུབས་ཀྱང་སྙིང་ནས་མ་བསུབས་པས
བསྔོ་ཡིག་གསེར་བྲིས་མ་ཞིག་དང་འདྲ་བར
རྒས་ནས་ནར་སོན་པར་གྱིས
ཤི་ན་དམྱལ་བ་མེད་པའི་འཇིག་རྟེན་ཞིག
བཀྲ་ཤིས་བདེ་ལེགས
༢༠༡༥།༡༢།༢༧ཉིན་དབུས་སུ་གྲུབ།
རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།