
སིལ་ཏོག
གློ་བུར་དུ
ནམ་མཁའ་ནས་སིལ་ཏོག་ཅིགབཀོག་ནས
རང་གི་ལག་མཐིལ་འདིར་བཞག་ཚེ
ཁ་ཆུ་ཉིལ་ཅིང
མིག་ཟུང་ཧྲིག་ཧྲིག་གིས
གང་ཞིག་ལ་ལྟ་བར་བྱེད
ཀོང་དུ་ལྷུང་བའི་མིག་ཟུང་གཉིས
རྫི་མའི་སྐྱིབས་དང་བཅས་ཏེ
སོས་དལ་གྱིས་བསྡད་ཀྱང
གློ་བུར་དུ
གྲིབ་གཟུགས་རེ་གཉིས་འགུལ་བའི་ཤུགས་ལས
གྲིབ་མའི་ནང་གི་སིལ་ཏོག་མཐོང
སིལ་ཏོག
སྡོང་བོའི་ཡལ་གའི་སྟེང་ན་དཔྱངས་ཚེ
མིག་ཟུང་ཐུར་དུ་བསྐོར་ནས་བལྟས་ཀྱང
ནམ་མཁའ་ཧྲིལ་བོ་ཁ་ཐུར་དུ་བསྟན་འདུག

རང་གི་ཕྱི་ནང་།
སྐུད་པ་ཆད་པའི་གཞས་ཆུང་
དབྱངས་ཀྱི་ཟོམ་ན
རི་རབ་ཉིལ
མཚན་མོ་གྱོན་པའི་རྔོན་པ་བཞིན་འདར
རལ་བ་དཀར་བོ་ཅན་གྱི་ཟླ་འོད
ཁྲོམ་གཞུང་ན་ཁེར་རྐྱང་གིས་ཤུད
སྒེའུ་ཁུང་ཁ་རུ་བབས་པའི་རླུང་བུ
སྙིང་གི་རྩ་ལམ་དུ་ཁྱབ
ངུ་མི་ཤེས་པའི་མིག་ཟུང་དེ
འཆི་བས་ཟིན་པའི་སྦྲང་ནག་ཅིག
རྭ་ཅོ་ཡོམ་པའི་དུས་ཚོད
ཐྲིག་སྒྲ་དང་བཅས་པའི་མདེའུ་ཞིག
སུ་ཞིག་རྨས་པའི་མཐའ་མར
གང་ལ་འཕུར
མཚན་མོ་དེ
ཁྱི་སྐད་ཀྱིས་དཀྲོགས་པའི་ཕྱེ་མ་ལེབ་ཁྱུ
འོད་སྣང་གིས་ལོང་བའི་བར་ཆད་ཀྱིས
གཤོག་པ་འཚིག
ཐག་པ་ལྟ་བུའི་སྲང་ལམ
སྦྲུལ་ནག་ཤི་རོ་ཞིག
སུ་ཡི་རྐང་བར་རྨུགས
རྨི་ལམ་ནང་གི་ལག་པ
ཐ་སྙད་ཀྱི་གསེབ་ཏུ་བཅུག་ནས
མཚན་གང་བོར་འདང་བརྒྱབ་ཚེ
མལ་ཁྲིའི་སྒང་གི་འགྲེ་ལྡོག་གི་རིམ་པ
སྡུག་བསྔལ་གྱི་སྣེ་མོ་བཟུང་བའི་མེ་འོད་ཚ་བོ་ཞིག
རུམ་ཁར་བྱོ་འོང

མཚན་མོ།
མཚན་མོ
རླུང་ལྡང་དུས་སྐར་མ་འདར
སྐར་མ
ཁྱེད་ཀྱི་མིག
ཁྱེད་ཀྱི་སྙིང
ཁྱེད་ཀྱི་བ་སྤུ
མཚན་མོ
རླུང་ལྡང་དུས
ཟླ་འོད་འཁྱག
ནམ་མཁའ་འཁྱག
བྱིའུ་ཡི་སྐད་སྒྲ་འཁྱག
མཚན་མོ
རླུང་ལྡང་དུས
ཁང་བརྩེགས་ནང་གི
གློག་སྒྲོན་ངུ
ཁ་པར་ངུ
ཟས་ཅོག་སྟེང་གི་ཟས་རིགས་ངུ
མཚན་མོ
རླུང་ལྡང་དུས
རི་བོའི་ཕ་རོལ་གྱི་ཁྱེད་རང་དྲན
དྭངས་གཙང་གི་ཆུ་བོ་དྲན
སྤྲིན་པའི་གསེབ་ཀྱི་ཆར་བ་དྲན
མཚན་མོ
རླུང་ལྡང་དུས
གྱང་ངོས་ཀྱི་མེ་ལོང་ཐོར
དུས་ཚོད་ཀྱིས་གྱང་ལ་གདོང་ག་གཞུ
རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།