བདའ་ཚང་སྙེམས་གྲོལ་གྱིས་གསར་དུ་བྲིས་པའི་སྙན་ངག་འགའ།

629

 

 

22.jpg

        ༈  ཁ་རྩང་དེ་རིང་གི་དུས་འདིར།

 

རི་མགོ་ཐམས་ཅད་སྔར་བཞིན་ཁ་བས་བསྐོར།།

ནོར་ལུག་རི་ནས་བསད་པའི་ཤ་རྗུད་ལ།།

བྱ་རྒོད་རྣམས་ཀྱིས་སྡེར་མོ་གཟེངས་ནས་འབབ།།

ཕོ་རོག་ནགས་ཀྱི་རྩེ་ནས་སྣང་བར་བྱེད།།

ཐབ་མགོའི་མེ་ལྕེ་བྱུ་རུའི་མདངས་ཀྱིས་འབར།།

བདག་གི་མིག་ཤེལ་ཉི་མའི་འོད་ཀྱིས་གསལ།།

མཁར་གྲོང་རེ་རེའི་དུད་སྨུག་ནམ་མཁར་འཁྱིལ།།

སྲང་མགོའི་ཚོང་དང་སྲང་རྔའི་ཚོང་ཐམས་ཅད།།

ཤོག་དངུལ་ཆེ་ཆུང་བཟུང་ནས་ཉོ་བར་བྱེད།།

བདག་གི་ཡུལ་མི་སུ་ཞིག་ཆང་གིས་ནི།།

ར་རོར་གྱུར་བའི་མིག་གིས་ངའི་ཕྱོགས་སུ།།

བལྟས་ནས་སྐྱུར་འགོང་སྣ་ཚོགས་ཡང་ཡང་བཤད།།

མི་རྣམས་རོལ་མོ་གྲག་པའི་སྒྲ་དབྱངས་ཁྲོད།།

ལུས་ཀྱི་རྩི་ཤིང་འདར་ཞིང་འདར་ཞིང་འགྲོ།།

ཕྱི་དྲོར་ལ་ཁའི་ཉི་རྩེ་སེར་ལོང་ངེར།།

འཆར་དུས་བདག་གི་ལུས་སེམས་ཅིག་ཅར་གྲང་།།

                                                  2016.2.3

30.jpg

      ༈ དེབ་ཅིག་གི་མགོ་རྒྱན་དུ་ཕུལ་བ།

 

སྤྱིར་ན་མི་རྣམས་ཕན་ཚུན་བསྟོད་དགའ་ཆེ་སྟེ།།

དེབ་ཀྱི་གླེང་གཞིའི་ནང་དུ་ངོ་མཚར་སྤྱོད་ཅིང་།།

ཨེ་མ་ཧོ་ཞེས་གྲྭ་དང་ཟུར་དུ་བྲིས་ཡོད།།

ད་ཆ་དྲ་གྲོགས་ཕོལ་བའི་བརྩམས་ཆོས་རྣམས་ཀྱིས།།

རང་གི་ངོས་ནས་ཁ་ཞིག་གྲག་རྒྱུ་ཡིན་ཙང་།།

ངས་ནི་ནོར་ལུག་ཡུ་བོ་རྣམས་ཀྱི་མགོ་ལ།།

རྭ་ཅོ་སྣང་ཞེས་ཚིག་གི་འུད་སྒྲོ་མི་འདོགས།།

བཏགས་ཀྱང་ཤོབ་ཀྱི་ཨོང་དོ་གོས་ཀྱིས་སུར་དཀའ།།

དེ་ཕྱིར་འབྱུང་འགྱུར་ཀློག་མཁན་རྣམས་ཀྱི་བགོས་སྐལ།།

ཚང་ར་གྲུ་བཞིའི་ཐོག་ལ་གྲི་ཡང་མི་འཇོག།

གང་ལྟར་དྲ་གྲོགས་ཁོང་གི་རྩོམ་གྱི་འཕྲིན་ལས།།

ཉི་ཟེར་ཁྲོད་ཀྱི་རྡུལ་བཞིན་འཕེལ་བར་སྨོན་ནོ།།

                   ༈ དྲ་རས།

 

རི་རྩེ་ནས་ཉི་འོད་ཀྱིས་མི་མཐོང་བ་ཡི་ཕ་ཡུལ། །

ཕ་ཡུལ་ན་ད་ལྟ་སྤྲིན་དཀར་དམར་འདྲེས་ནས་འཁྲིགས་འདུག །

ས་རུབ་དུས་སེམས་པ་ངང་གིས་སྨྲེང་ནས་ཡོང་བའི་ཕ་ཡུལ། །

ཁ་བའི་ཁྲོད་ནས་ལྟ་དུས་ཁྱོད་ལ་མིང་ཞིག་འདོགས་དཀའ་སོང་། །

ང་རང་རླུང་གི་རྒྱབ་ནས་ཁྱོད་ཀྱི་པང་དུ་ལོག་དུས། །

ཁྱོད་ནི་རྒྱ་ལྭ་སྔོན་པོ་ཞིག་གི་དྲ་རས་ཙམ་རེད། །

                                       2016-1-8

44.jpg

            ༈ སི་སྒྲ་ཙམ།


མི་སེམས་རེ་རེ་ནི་ཉི་མ་མི་དྲོ་བའི། །

གད་ཕུག་རེ་རེའམ་ཨི་ཁུང་རེ་རེ་རེད། །

བན་རྒན་མགོ་སེ་ཞིག་ཉིན་ཁར་གཉིད་པ་དང་། །

སྨན་མོ་ཡུག་ཟ་ཞིག་སྲིབ་ཀར་ངུ་བ་བཞིན། །

འཁོར་བའི་མགོ་ཐོག་གི་སྤྲིན་འདི་སོ་སོ་རེད། །

ཁྱིམ་གྱི་ལྕགས་ཐབ་ཏུ་ཚ་གྲང་འཐབ་པ་ཡི། །

སུར་སྒྲ་སྣ་ཚོགས་ལ་ཆད་པ་མི་འདུག་སྐད། །

སྒྲ་སྡུད་འཕྲུལ་ཆས་ཀྱི་གློག་སྒོ་ཕྱེས་པ་བཞིན། །

བུ་ཆུང་ཚེ་རིང་གིས་རི་རྩེ་དྲན་པ་བཞིན། །

ཁྱེད་ཀྱི་ལག་རིས་ལ་ང་ཡིས་བལྟས་པ་བཞིན། །

མེ་མདའི་སྐག་སྒྲ་ཡིས་སྤྲིན་དམར་འཁྲིགས་པ་བཞིན། །

ཁྱི་ལ་ཕྱོ་ཕྱོ་ཞེས་ཡང་ཡང་རྦད་པ་བཞིན། །

མི་ཚེའི་དུག་ཆང་འདི་འཐུང་དུས་ངོམས་པ་མེད། །         

                                           2016.1.4

35.jpg

      ༈ དགུན་ཞེས་བྱ་བ་དེ་ནི།


ནམ་མཁའི་དབུ་སྐྲ་རླུང་གི་སོ་མང་གིས། ། 

ཤད་ཅིང་རྡུལ་གྱི་གཤོག་པས་ནམ་འཕང་གཅོད། ། 

ཉི་འོད་གྲང་མོ་གོས་ཀྱི་ཐོག་ནས་འདལ། ། 

དགུན་ཞེས་བྱ་བ་འདི་ནི་བསིལ་ཧང་ངེ་། ། 

ཁྱེད་ཀྱི་མིག་མདངས་དེ་ཡང་དེ་ལྟར་བསིལ། ། 

ང་ཡི་ལག་པ་འདི་འང་འདི་ལྟར་འཁྱག །

                                                      2015-10-7

 

རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།