འབྲོང་ཕྲུག་གི་སྙན་ངག་ཚན་པ་ལྔ།

359

ེེེེེེེེེེེེེེེེེེེེེེེ.jpg

              A དེ་དུས་ཀྱི་མེ་ཏོག


ཉི་ཟེར་གྱིས་སྒུལ་ཤིང་།

བསིལ་རླུང་གིས་སྐྱོམ་པའི་འདབ་མ་ཡང་མོ།

ད་དུང་ཡང་ངའི་སེམས་སུ་ག་ལེར་གཅུད་ཡོད།

ལོ་ཟླའི་མེ་ལྕེས་མ་འཚིག་ཅིང་།

དུས་ཚོད་ཀྱི་འཁྱག་པས་མ་ཕྱིད་པའི་གང་བུ་དམར་བོ།

ད་དུང་ཡང་ངའི་སྙིང་ཁར་གསང་བར་རུམ་ཡོད།

ནམ་མཁར་ལྷན་པའི་སྤྲིན་དཀར་གྱི་ལུག་ཁྱུ།

ས་གཞིར་དཔར་བའི་མེ་ཏོག་གི་སྐར་ཚོམ།

མང་པོ་ཞིག་ད་དུང་ཡང་ངའི་མིག་ཟུང་གིས་འཚོས་ཡོད།

ཡིན་ནའང་།

དུས་ཚོད་ཀྱི་མདུད་པ་བཤིགས་ཐེངས་ཤིག་གིས།

ང་རང་མ་རྟག་པར་རྡུལ་དུ་འཇིག་སྲིད་དམ།

400.jpg

            B  ཨ་ཞང་གི་མཚོ་སྔོན་པོ།


བདག་གིས་གཤོག་པ་ཐར་བཅད་རུང་།

རི་རབ་ཀྱི་རྩེ་མོར་གཤོག་ལྕག་གིས་གཞུས་ཀྱང་།

སྔོ་བསང་བསང་གི་ཁྱེད་དང་ཁྱེད་ཀྱི་བར་སྣང་།

གཤོག་འགྱུར་གཅིག་གིས་རྒྱང་ཆོད་ཚོད་མི་འདུག

མཐོང་ལམ་གྱི་རི་ཆེན་རི་ཆུང་དག་གི་རྩེ་མོ།

གངས་རི་ལྟར་ཞུ་ཞིང་མཁར་རྫོང་བཞིན་ཉིལ་ཤུལ་དུ།

བདག་གིས་མེས་པོའི་རལ་བ་ལས་བབ་འདྲའི་མཚོ་མོ་ཁྱེད།

རང་གི་སྙིང་ཁ་ནས་གཞན་གྱི་བྲང་གཞོང་དུ་འཁྱིལ་བ་དྲན་ཚེ།

བུམ་པ་བཞིན་གས་སོང་བའི་ཕ་ས་གོར་མོ་འདི་ནས།

ཁྱེད་ད་དུང་བདུད་རྩི་ལྟར་ལྟེམས་དགོས་པའི་ཁ་དན་སུ་ལ་འཐེན།

གཤོག་འགྱུར་ལ་རྨ་ཁ་གས་པའི་བྱ་ཁྱུ་དཀར་བོ།

འཕུར་ཐེངས་གཅིག་གིས་བར་སྣང་གཞན་ཞིག་ཏུ་འཁོར་སོང་།

རྩྭ་ལྗང་གི་མྱུ་གུར་སེར་མདོག་གོས་ཤིང་། 

མེ་ཏོག་གི་འདབ་ལོ་བཙག་གིས་འཐོར་སོང་།

རླུང་རྟ་ཁ་ཤས་མགོ་འཁོར་ནས་འབབ་ས་མི་རྙེད།

དར་ལྕོག་ཁ་ཤས་ད་དུང་ ཨུ་ཚུགས་ཀྱིས་ རླུང་ཁར་འགྲེང་།

ཇི་ལྟར་བོས་ཀྱང་ཕྱིར་ལོག་མེད་པའི་ཁ་སང་།

གང་ལྟར་སྒུག་ཀྱང་སླེབས་ཐབས་དཀའ་བའི་སང་ཉིན།

དུས་གསུམ་གྱི་གཙང་བོར་འགྲམ་དར་ཆགས་ཟིན།

འཁྱབ་སིབ་སིབ་ཀྱི་སེམས་ལ་བབ་པའི་འཁྱག་སིབ་སིབ་ཀྱི།

ནམ་ཟླ་འདིའི་ཁ་བ་ད་དུང་མཚམས་ཆད་མ་སོང་།

མཚོ་ཁའི་མེ་ཏོག་ལྟར་ཁྲ་ཆིལ་དགུ་ཆིལ་གྱི།

རྟ་ནོར་ལུག་གསུམ་གྱིས་ཞེ་དུངས་དུངས་ངང་མྱང་ཆོག་ཆོག་གི

ཆུ་ཕྲན་བརྒྱ་རྩ་བརྒྱད་ཀྱི་ཉིང་བཅུད་ཀྱི་ཡང་བཅུད།

འདི་ལྟར་བདག་གིས་རྔུལ་ཆུ་ནས་མིག་ཆུར་འཁྱིལ་སོང་།

ད་ནི། བདག་གི་མགྲིན་པ་ཕྲ་མོ་ཕྱིར་སློག་ཀྱང་།

སྐད་འཛེར་འཛེར་གྱི་རླབས་སྒྲ་སྔར་ནས་འཇགས་ཟིན།

བདག་གིས་མིག་ཟུང་ག་ལེར་ཟུམ་ནས།

ལོ་རྒྱུས་ཁྲོད་ཀྱི་ཁྱོད་ལ་ཕྱི་མིག་དྲན། ཕྱི་མིག་ཡང་ཡང་དྲན།

21.jpg

   C  ཞོགས་པའམ་ས་སྲོད་ཅིག་ལ།


སེམས་ཀྱི་རླབས་སྒྲ་ཞི་འཇགས་སུ་བུད་སོང་།

སྙིང་གི་མེ་ལྕེ་ཞི་འཇགས་སུ་བུད་སོང་།

ཡིད་ཀྱི་མཆོད་རྟེན་གྱི་ཁ་དོག་ཀྱང་འགྱུར་སོང་།

མགོ་ཐོག་ན་ནམ་མཁའ་ཟེར་བ་ཞིག་མི་འདུག

སྤྲིན་དཀར་གྱི་གཤོག་པ་ས་གཞིར་འབྱར་འདུག

རྐང་འོག་ན་རྩྭ་ཐང་ཟེར་བ་ཞིག་མི་འདུག

མེ་ཏོག་གི་འདབ་མ་རླུང་ཁར་ཟད་འདུག

སྐབས་འདིར། 

ར་རྩེ་ན་མེ་སྟག་མཆེད་པའི་འབྲོང་རྒོད་ཅིག

ས་ཆེན་པོའི་སྙིང་ཁར་འགོས་ནས་ཧུར་སྒྲ་སྒྲོག

གངས་རིའི་ཟུངས་ཁྲག་ལྷོག་ལྷོག་ཏུ་འཕྱུར།

            
    D ནད་ཁྲི་ཨང་གསུམ་པ།


མཚན་མོ་ཧ་ཅང་མཐུག

སྐར་ཚོགས་ཀྱིས་སྒེའུ་ཁུང་གཤགས་ནས།

ནད་ཁང་གི་གློག་འོད་མོག་པོར་བསྒྱུར་ཀྱང་།

ཁྱེད་ཀྱི་མིག་ཟུང་ལས་མེ་སྟག་མཆེད་དེ།

ངའི་ཁྲག་རྩའི་འཕར་ལྡིང་དྲག་ཏུ་ཕྱིན།

ངའི་གློ་སྙིང་གི་བྲག་རིར་བརྐོས་པའི།

རྟག་བརྟན་གྱི་གཟུགས་རིས་དག་ཀྱང་།

ཁྱེད་རང་ནད་ཁྲིའི་སྟེང་གལ་རྐྱལ་དུ་ལོག་ནས།

ང་ལ་འཛུམ་ཆུང་རེ་བསྟན་པ་དེ་ཙམ་སྟེ།

དེ་ཙམ་གྱིས།

ངའི་ལུས་ངག་ཡིད་གསུམ་བདེ་ལ་ཕབ་ཡོད།

མཚན་གཞུང་གི་རླུང་བུ།  ག་ལེ་ག་ལེར།

ཕྱི་རོལ་གྱི་འུར་ཟིང་ལས།

ནང་སེམས་ཀྱི་ལྷིང་འཇགས་ལ་བསྲེས་ཐབས་མི་འདུག

ངའི་ནང་སེམས་ཀྱི་ལྷིང་འཇགས།

ཁྱེད་ཁོ་ནས་བཟུང་ཡོད།

ཁྱེད་ཀྱིས་ཅི་ཡང་སྨྲ་མི་དགོས་ཏེ།

ཧ་ཅང་ལྷིང་འཇགས་ཀྱི་ཁང་མིག་ཆུང་ངུར།

འུ་གཉིས་ཀྱི་སྙིང་གི་འཕར་སྒྲར་ལྐོག་ཏུ་ཉན་མཁན

ཁ་དབུགས་ཀྱི་རྡུལ་ཕྲན་རེ་རེས།

བརྩེ་འདང་གི་གཏམ་རྒྱུད་འདི།

རེ་རེ་བཞིན་ཉར་ཡོད།

ལག་པས་རེག་ཐབས་མེད་པའི།

གཟུགས་མེད་ཀྱི་ཅི་ཞིག 

འདི་ལྟར་སེམས་ཀྱི་ཟབ་སར་འཐིམ་ནས།

ཁྱེད་ཀྱི་བདེ་ཐང་ལ་སྨོན་ལམ་འདེབས།

ཐ་ན  ཁྱེད་ཀྱི་ཁྲག་རྩའི་སྦུབས་སུ་རྒྱུ་བའི།

ཕྱི་གསལ་ནང་གསལ་གྱི་སྨན་ཆུ་དག་ཀྱང་།

བདག་གི་དུས་གསུམ་གྱི་གསང་བས་བཙགས་པའི།

ཕྱི་གསལ་ནང་གསལ་གྱི་སེམས་པ་སྟེ།

སེམས་པ་གཉིས་གཅིག་ཏུ་འདྲེས་ཚུལ།

ངའི་སྙན་ངག་འདིས་འཁྱོངས་ཐབས་མི་འདུག

24.jpg

           E ཁེར་སྡུག


སྐད་འཕྲིན་གྱི་སྒང་ན།

བུ་མོ་ཞིག་གིས་ལ་གཞས་ལེན་གྱིན་འདུག

འབྲོག་མོ་ཞིག་ཨེ་ཡིན་ནམ།

ངའི་ཕྱི་རྒྱབ་ཏུ་འགྲེངས་ནས།

ཆུང་མས་ཁོ་མོ་སུ་ཡིན་འདྲི།

ངས་ངོ་མི་ཤེས་པའི་ཁོ་མོར།

སེམས་ཁོང་གི་དེའི་མིང་གིས་བོས་སོང་།

ས་མ་རུབ་ནའང་།

སེམས་ལ་འཐིབ་པའི་མུན་ནག

སྒྲོན་མེ་གང་གིས་ཀྱང་གསལ་ཐབས་མི་འདུག

ངས་སྙན་ངག་ལྟ་བུ་འདིའི་ཁ་བྱང་ལ།

ཁེར་སྡུག་ཅེས་བཏགས་ཆོག་གམ།

F ལུག་རྫི་བུ་མོ་མེ་ཏོག་སྐྱིད།

སྤྲིན་དཀར་གྱི་ཡང་སྟེང་སྤྲིན་དཀར་ཏེ།

ནམ་མཁའ་སྔོན་པོ་འདིའི་ཕ་མཐའ་ཡང་།

ནམ་མཁའ་སྔོན་པོ་གཞན་ཞིག

ནེའུ་གསིང་གི་ཕ་མཐའ་ནེའུ་གསིང་སྟེ།

ཆུ་མིག་དྭངས་མོ་འདིའི་བཞུར་རྒྱུན།

ཆུ་མིག་དྭངས་མོ་གཞན་ཞིག་དང་འདྲེས།

རྫི་གླུ་ལེན་མཁས་པའི་བུ་མོ་ཞིག

ངའི་སེམས་སུ་ཆུ་རུ་འཁྱིལ།

ཆུ་མིག་སླར་ཡང་ངའི་མིག་མཐར་འཛུམ།

ལུག་ཁྱུ་ཐང་མར་བརྡལ་བའི་སྐད་ཅིག་མར།

ཁོ་མོའི་གླུ་སྐད་ཀྱིས་ངའི་མགྲིན་པ་བརྣངས་ཤིང་།

དགའ་སྡུག་གི་སྐད་ཆ་གང་ཡང་ཤོད་མ་སོང་།

རླུང་བུ་ཡོད་ཚད་འཇམ་ཅག་གེར།

ཁོ་མོའི་ཁ་རླངས་ལས།

ངའི་སྙིང་གི་འཕར་སྒྲ་དྲག་ཏུ་ཕྱིན།

ཀྭ་ཡེ།   རྔུལ་ནག་གི་དབྱར་གཞུང་འདིར།

ཝུ་ཆང་སྒམ་གང་གི་གནང་སྦྱིན་ཐོངས་དང་།

ངའི་སྙན་ངག་མེ་རུ་འབར་སོང་།

རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།