
༈ ད་ལོ་བྱ་ལོ་རེད།
ཨ་ཕ་དག་བྱ་ཁྱུའི་འཕུར་ལམ།།
འཕུར་ལམ་རེ་ལོ་ཟླ་མང་པོ།།
སྤྲིན་དཀར་ནག་གཉིས་ཀྱིས་གཡོགས་པ།།
ཆགས་བཞག་ན་བྱ་རྒྱལ་ཁྱུང་ཆེན།།
ཨ་མ་དག་བྱ་ཁྱུའི་གཞི་རྟེན།།
གཞི་འཁོར་བར་དགའ་སྡུག་མང་པོ།།
ལམ་འཇམ་རྩུབ་གཉིས་སུ་འཐེན་པ།།
དཔེ་བཀོད་ན་རྨ་བྱ་སྔོན་མོ།།
བྱིས་པ་དག་ངང་ཆུང་གསེར་མགོ།།
གཤོག་ལྡེམ་མེ་ལྡེམ་མེ་འགྲོ་བ།།
སྐད་ཀྱུར་རེ་ཀྱུར་རེ་གྲགས་པ།།
སྤྱིར་འཁོར་བ་བྲག་དམར་ཐེམ་པ།།
ལར་ཁྱིམ་ཚང་བྱ་ཚང་ཀོར་མོ།།

༈ གུང་ཐང་བསྟན་པའི་དབང་ཕྱུག
ལུག་རྫིར་མངགས་ནས་མགུར་མ་བསྐོལ་དུས་ན།།
རྒྱ་ལྭ་སྔོན་པོ་ཞིག་མནབས་ལྟོགས་སྐོམ་མྱངས།།
ཤིང་གི་སྒྲ་སྙན་ཆག་པོ་དཀྲོལ་བཞིན་དུ།།
སྙན་པའི་མཐར་ཐུག་མང་པོ་བཤུམ་བཞིན་ལེན།།
ཁྲུང་ཁྲུང་བྱས་ཀྱང་གཤོག་གུར་ཕུབ་སྟེ་མཉན།།
གསེར་ཁྲིར་མངའ་གསོལ་རབ་གནས་མཛད་དུས་ན།།
རི་བྲག་མགོ་བོ་བཏུད་དེ་གུས་ལན་བྱས།།
ཕོ་ཡང་རྒོད་ལ་སྐད་ཀྱང་སྙན་པ་དང་།།
བློ་ཡང་སྒམ་ལ་ཚིག་ཀྱང་བཙུན་པས་ན།།
སྐྱེ་བོ་གཉའ་རེངས་ངས་ཀྱང་མཚམས་མཚམས་སུ།།
མཚན་མོའི་ཉལ་སའི་ནང་ཡང་དབང་མེད་དུ།།
གངས་ཁྲོད་རྡོ་རིང་ལྟ་བུའི་ཁྱེད་རང་དྲན།།

༈ ཨ་མྱེས།
ལུང་བའི་ཉིན་སྲིབ་ཤྭ་འབྲོང་མཆིས་པ།།
རི་རྩེའི་སྦྲིན་ནག་གཡུ་འབྲུག་སྦེད་པ།།
དེ་འདྲའི་གནས་ཀྱི་སྡེ་བ་ཞིག་ཏུ།།
ལས་འབྲས་ཁྱི་ལ་ལྕགས་ཐག་སྤྲོད་མཁན།།
མི་གཞིའི་སྟག་མོས་ས་ཁུང་འདྲུ་མཁན།།
གདན་དཀར་སྟེང་འདུག་དཔེ་དེབ་ཀློག་པའི།།
མི་རྒན་སྐྲ་ལོས་གདོང་ཕྱེད་ཁེབས་པ།།
འཇིག་རྟེན་ཉམས་མྱོང་མཐའ་ལ་གཏུགས་པའི།།
མཚམས་རེར་ཆོས་འདོན་མཚམས་རེར་གླུ་ལེན།།
སྐབས་རེར་རྩོམ་འབྲི་སྐབས་རེར་སྒོམ་རྒྱག །
སྨན་མང་འཐུངས་ཤིང་མཆིན་སྐྲན་ཅན་དེ།།
རྒས་པའི་དུས་ཀྱི་ང་རང་ཡིན་ལ།།
གླིང་བུ་འབུད་བཞིན་འཁོར་བའི་བྱ་བ།།
བྱས་ཟིན་བྱེད་པར་མི་འགྱུར་བ་དེར།།
སྐབས་དེའི་གཞོན་རྣམས“ཨ་མྱེས”འབོད་དོ།།

༈ པཎ་ཆེན་སྐུ་འཕྲེང་བ་བཅུ་པ།
ཁྱེད་ཀྱིས་གོས་ཆེན་སེར་པོའི་ཕུ་དུང་ལས།།
ང་ཚོར་འཛམ་གླིང་ཉི་མ་སྟོན་ཙམ་བྱས།།
ཁྱེད་ཀྱི་ཕྱུ་པ་ནག་པོའི་རུམ་ཁུགས་ལ།།
ངེད་ཅག་སྐྱབས་མེད་མགོན་མེད་བཙངས་ནས་ཡོང་།།
བཀའ་སློབ་གནངས་ཡུན་རིང་དྲགས་གསུང་སྐད་འགག །
ཀྱེ་ཀྱེ་གླང་ཆེན་ཐལ་དཀར་ཁྱེད་ལ་འདུད།།
རྟག་ཏུ་ཐུགས་རྒྱལ་བཞེངས་དྲགས་ཁུ་ཚུར་གཡུགས།།
དེང་ཡང་རིག་ལྡན་དྲག་པོ་ཁྱེད་ལ་འདུད།།

༈ རྗེ་ཙོང་ཁ་པ།
ནམ་མཁའི་གདུགས་ལ་སྤྲིན་དཀར་དར་ལྕེ་གཡོ།།
ནམ་མཁའི་ལམ་ལ་རླུང་གི་འཁོར་ལོ་འཁོར།།
དེ་ཡི་འོག་ཏུ་མཁས་པའི་མཁས་པ་སྟེ།
བླ་མ་བློ་བཟང་གྲགས་པ་དམར་ཧྲེང་ངེར།།
ཕྱག་འཕྲེང་འདྲེན་ཞོར་ཧབ་སྦྲིད་རྒྱག་ཞོར་དུ། །
རྡོ་གཅལ་ཕྲ་མོ་བརྒྱུད་ནས་སྒྲུབ་ཕུག་ཕེབས།།
སྒྲུབ་ཕུག་ཐོད་ན་རྩྭ་ལྡུམ་ཕོན་པོ་ཞིག །
རྗེ་ཡི་དབུ་ལ་མ་ཐུག་ཙམ་ཏུ་བསྣར།།
རྒྱབ་ཏུ་མཁས་གྲུབ་རྒྱལ་ཚབ་རྣམ་གཉིས་ཀྱིས།།
གུས་པའི་ཚུལ་བཅས་ཇ་དང་འོ་མ་འཁྱེར།།
མཚམས་ཐོའི་ལོགས་ན་དམ་ཅན་ཆོས་རྒྱལ་ནི།།
རྭ་ཟུང་མཁའ་ལ་གདེངས་ཏེ་བྱ་ར་བྱེད།།
ཐག་ཉེར་འབྲི་ནག་འགའ་ཞིག་འགྲོ་བ་མཐོང་།།
བོན་པོའི་དགོན་པ་རེ་ཟུང་གནས་པའང་མཐོང་།།

༈ སྐུ་དྲག
ཞྭ་མོ་སེར་ལེབ་གྱོན་པའི་རྟ་པ་གཉིས་ཤིག །
ཐག་ཐག་ཐག་ཅེས་ཕོ་བྲང་གློ་སྒོར་བརྒྱུགས་སོང་།།
སོག་བྱིལ་རྣ་བར་དཔྱངས་པ་ལྷ་སའི་ཨ་ཇོ།།
དཀར་མེའི་འོག་ནས་ཆང་འཐུངས་དེབ་ཐེར་རྩོམ་པ།།
ཕྱི་ན་ཁ་བ་དྲག་པོ་ལྷུང་ལྷུང་འབབ་པ།།
ནང་ན་གྲྭ་བཙུན་རྣམས་ནི་ཕྱེད་གཉིད་ཕྱེད་སད།།
རྟེན་ལ་འགངས་ཆེན་ཇོ་བོ་ཡིད་བཞིན་ནོར་བུ།།
སྲུང་མ་བཙན་པོ་གནས་ཆུང་འཕྲིན་ལས་རྒྱལ་པོ།།
མི་རབས་དམིགས་བསལ་སྐུ་དྲག་སྟག་སེང་ཚོགས་པ།།
ཡི་གེ་ནག་པོའི་ཀློང་ནས་ད་དུང་མཇལ་ཡོང་།།
གསལ་བཤད། སྙན་ཚོམས་ཀྱི་བར་བཅུག་ལ་ཆེད་དུ་བདམས་པའི་པར་རིས་འདི་དག་ནི། ཧི་མ་ལ་ཡའི་རི་འདབ་ཀྱི་འཚོ་བ་བྲིས་པའི་རི་མོ་ལེགས་པོ་འགའ་ཡིན་ལ། རི་མོ་པས་ངེད་དྲ་བའི་རྩོམ་སྒྲིག་ཁང་གི་སྙན་ངག་ལེགས་གྲས་བར་བཅུག་ཏུ་བཀོལ་ཆོག་པའི་བདག་དབང་སྤྲད་ཡོད་སྟབས། གང་འདོད་བཤུ་སྤེལ་བྱ་མི་རུང་།
རྫ་ཆུའི་རླབས་སྒྲའི་པར་གཞན་གྱིས་དགོལ་བར་མི་བྱའོ།།