སེང་རྡོར་གྱིས་གསར་དུ་བྲིས་པའི་སྙན་ངག་ཆེད་འགོད།

472

77777.jpg

 ·     

  ༈ ངལ་གསོའི་ཚིགས་བཅད་གླིང་སྟོང་སྒྲོན་མེ།


དབྱངས་གསལ་བཤད་འོད་ཁང་ཁྲ་རིས་མ།།

ཁྱོད་ང་ལ་འཁྲི་བས་ང་ཡི་ཡིན།།

ངས་ཕྱེ་དང་ས་ཡིས་རི་བོང་བཟོ།།

རྣ་རིང་བོ་ཡོད་ན་དགའ་རབ་མཆོད།།

བློ་རིག་པ་ཡོད་ན་སྤྱི་མ་བྱོས།།

ངས་གཏམ་དང་སྐད་ཆས་དཀྱིལ་འཁོར་བྱེད།།

ཐིག་རྡུལ་ཚོན་འགྲིག་ཀྱང་མ་འགྲིག་ཀྱང་།།

རྩྭ་ཤིག་ཤིག་གཡོ་བ་མཐོང་གསལ་རེད།།

ངའི་ཚེ་རབས་དུ་མའི་བག་ཆགས་དང་།།

ལར་སྐྱེ་བ་ད་ལྟའི་སྨོན་ལམ་གཉིས།།

རྡོ་མེ་ལྕགས་བཞིན་དུ་འཕྲོད་སོང་བས།།

ཁངས་ཕར་བབས་བ་མོ་ཚུར་བཞག་རེད།།

ངའི་རྩོམ་གྱི་བྱེའུ་ཆུང་གསེར་མགོ་ཁྱོད།།

གཤོག་དུང་འདབ་ཡལ་ག་དལ་རྡེབ་བྱོས།།

ལམ་བྱེ་མའི་དོལ་ནས་ཚུར་ལ་ལྟོས།།

ཚིག་རྟེན་འབྲེལ་བརྒྱུད་ནས་འདི་སར་ཤོག །

མགོ་སྒུར་དང་མེ་ཏོག་བུམ་པ་སྟེར།།

པུས་ཚུགས་དང་སྒྱུ་མའི་གཏེར་སྣ་བཤད།།

དཔེ་བདག་མེད་རི་སིལ་རླུང་བུ་མ།།

ངས་རོལ་དུ་འཁྲིད་ན་འཁྲིད་རྒྱུ་རེད།།

སུ་མ་དགའ་ན་ཡང་སྡུག་གྱོང་ཡིན།།

རིར་རྣམ་ཤེས་འཇུག་པ་བརྡ་ཡི་རྩལ།།

སྤྲིན་གསོན་པོར་གཏོང་བ་ཡིད་ཀྱི་འཕྲུལ།།

ངས་སྟོང་བའི་མཁའ་ནས་སྟོང་བའི་བྱར།།

ལས་ཅི་ཞིག་བྱས་ཀྱང་རང་ལག་རེད།།

ཐོག་མཛུབ་ཁྲིད་བྱེད་ན་ཁྱོད་ཀྱང་ཤོག །

ཝ་ཁུང་གསོད་བྱེད་ན་ངའི་འདིར་ལྟོས།།

                                          ༢༠༡༧ ༩ ༢༦  

1478.jpg

 

     ༈ བོན་བསྟོད་བྱ་འཕུར་མ། 


དུས་རབས་འགའ་ལ་བན་དེས་བོན་པོ་མནན།།

ཡང་མནན་བསྐྱར་མནན་བཅག་བཅག་ཉིལ་ཉིལ་གྱིས།།

བརྙས་ཤིང་སྤྱོས་ཚད་བན་དེས་བརྗེད་སྲིད་ཀྱང་།།

བོན་པོས་ཅིར་བརྗེད་མི་བརྗེད་ཁོ་ཐག་སྟེ།།

རིགས་པས་སྐྱིན་པ་ལེན་ལ་གྲབས་ཀྱང་གཤོམ།།

ཕྱོགས་ལས་རྣམ་པར་རྒྱལ་བའི་དར་ཀྱང་འཕྱར།།

ད་ཤོག་རྩོད་དང་ཟེར་བའི་དུང་ཡང་འབུད།།

མ་འབྲོ་སྡོད་ཡ་ཞེས་པའི་སྐད་ཀྱང་རྒྱག །

མགོ་སྒུར་ཕྱག་ཚོལ་ཞེས་པའི་ཁྲེལ་ཡང་འདེབས།།

གང་ལྟར་ད་ནི་བོན་པོ་གནའ་འདྲ་མིན།།

བན་དེས་ཐུབ་ཚོད་གཏོང་རྐྱང་དེ་འདྲ་མིན།།

བན་དེས་ཕར་ལ་འདྲེ་གདོན་མ་ལབ་གོང་།།

ཚུར་ལ་དེ་ཡི་ཐུ་ཞིག་བརྗོད་སྤོབས་ཁར།།

རྒྱལ་ནང་རྒྱལ་སྤྱི་ཀུན་ནས་ས་ཡང་ཟིན།།

ལོ་རྒྱུས་མཁས་པ་མང་པོས་ཁས་ཀྱང་ལེན།།

གནའ་རྫས་རྟོག་དཔྱོད་མཁན་ཚོའི་ཡིད་ཀྱང་འཕྲོགས།།

སྨན་རིའི་ཁྲི་འཛིན་གཤེགས་དུས་རྟགས་ཀྱང་བཞག །

མཁན་པོ་ཚུལ་བློ་དེད་དུས་རྫིག་ཀྱང་ཆེ།།

བོན་པོའི་སྒར་དང་དགོན་པའི་གྲངས་ཀྱང་མང་།།

བོན་བསྟན་རྒྱ་ཆེར་སྤེལ་ལ་མཐུ་ཡང་བདོ།།

བོན་དད་སྦྱིན་བདག་མང་པོར་དངུལ་ཡང་འབེལ།།

བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་གཞུང་ཡང་མཁས།།

བོན་མཁས་ནམ་ནོར་བོན་བཤད་ཁུངས་ཀྱང་བཙུན།།

བོན་ནི་བོད་བདག་ཡིན་རབ་ཚིག་ཀྱང་བདེན།།

བོན་ཆོས་ཕ་ཆོས་ཡིན་ཟེར་ཐུགས་ཀྱང་དག །

འདི་ལྟའི་མི་འགྱུར་གཡུང་དྲུང་བདེན་པོ་ཆེར།།

སྔར་ཡང་བསྟད་ལ་ད་དུང་བསྟོད་ངེས་པས།།

དཀྲུགས་ཤིང་རེད་ཟེར་རང་མཚང་མི་སྟོན་རོགས།།

བན་དེ་བསྟད་པས་དཀྲུགས་ཤིང་མི་ཆགས་པར།།

བོན་པོ་བསྟད་པས་དཀྲུགས་ཤིང་ཆགས་དོན་ཅི།།

ཉི་མའི་འོད་ཟེར་ཆེ་ཞེས་ལབ་པ་ན།།

ཟླ་བར་ཤུགས་ཀྱིས་སྨད་ཡོད་ཟེར་ན་ནི།།

རང་བློས་རང་བློར་བརྒྱབ་པའི་ལྕགས་སྒྲོག་རེད།།

ང་དང་བོན་པོས་ལན་པ་མ་ལགས་སོ།།

                        ༢༠༡༧ ༩ ༢༥  

IMG_3628.JPG


༈ མཁན་ཚུལ་བློ་དང་བོན་པོའི་གྲྭ་བ་ཞིག་གི་ཁ་བརྡར་མཉན་རྗེས།


སྐད་མགོ་རྒྱུ་མའི་མཐིལ་ལྷུང་ནས།།

བཟང་མདོག་བཙུན་མདོག་བརྒྱ་བསྟན་ནས།།

དགོད་བཞིན་དགོད་བཞིན་གཡོལ་བ་ཡི།།

གཡོལ་བཞིན་གཡོལ་བཞིན་འཛེར་བ་ཡི།།

མཁན་པོའི་དེ་ལ་དུལ་མི་ཟེར།།

ལྷག་ཏུ་དེ་ལ་དྲང་མི་ཟེར།།

“དགོན་སྟོད་བླ་མས་ཁྲམ་ཞིག་བྱེད།།”

ཟེར་བ་འདི་འདྲར་ཟེར་བ་ཡིན།།

“ཁྲམ་ལ་མཁས་པས་ཁྲམ་བྱས་ན།།

ནམ་མཁའི་ལྷ་ཡང་རེ་ཞིག་རྨོངས།།”

ཞེས་པ་དེ་ཡང་འདི་འདྲར་ཟེར།།

“ཕ་རོལ་ངུ་རུ་འཇུག་འདོད་ན།།

ཐོག་མར་རང་ཉིད་ངུས་ཤིག”ཅེས།།

མི་ཡུལ་སྐྱེ་བོའི་ངག་ལ་གྲགས།།

མི་ཆེན་སྐད་ལྕེའི་སྒྱུ་ལས་མངོན།།

མིག་ནི་ཕྱེད་བཙུམས་ཕྱེད་ཕྱེས་ཀྱིས། 

ཁ་འཇམ་འདྲ་ཆགས་ཐལ་མོ་སྦྱོར།།

ཁ་གཅིག་ཚིག་གཉིས་ཐག་དྲྭ་འཐེན།།

རྟེན་བྱེད་ཞབས་ར་མི་སྟོན་ལ།།

འཛིན་བྱེད་ཡུ་བའང་མི་མངོན་པ།།

འདི་འདྲ་སིན་ཙི་སུང་ཅང་དང་།།

ཚའོ་ཚའོ་སོགས་ཀྱི་ཇུས་བློར་གསལ།།

སྙིང་རྗེ་ཡིན་པ་དགྲ་ལ་སྒྱུར།།

ལྷག་བསམ་ཡིན་པ་ཐན་ལ་སྒྱུར།།

གར་གྱི་དབང་ཕྱུག་ཚུལ་བློ་ལ།།

གར་དགུའི་ཉམས་སྟབས་རྫོགས་པས་ན།།

དྲྭ་འབུ་དྲང་རྐྱང་འགའ་རེ་ཡིས།།

ཁས་ལེན་འཆོར་བར་ཁག་ཅིག་མེད།།

སྤྱི་ཚོགས་ཉམས་མྱོང་མེད་པས་དང་།།

འཇིག་རྟེན་རྒྱུས་མ་ལོན་པས་སོ།།

མི་ཆེན་ཉམས་མྱོང་རྩལ་ལྡན་ཙང་།།

ལག་པར་པད་མའི་མཆོད་ཐོགས་ནས།།

པད་རྩར་དུག་སྦྲུལ་སྦེད་པར་བྱང་།།

དེས་ན་འཛུམ་ཙམ་ལ་མ་ཆགས།།

ཡོངས་དཔྱད་ངེས་པར་ལྡབ་སྟོང་འཛེམ།།

སླར་ཡང་སྨྲས་པ། 

ང་ལ་མ་གཙེས་ང་ཡིས་མི་འབྲི་ཞེས།།

ཡག་པོར་ལབ་ན་ཅིས་ཀྱང་ཕྲིས་ཤིག་ཟེར།།

དེས་ན་མི་འཛེམ་འདི་ལྟར་འབྲི་བ་ལགས།།

དང་པོ་རྣམ་རྟོག་འཁོར་ལོ་བཞི་ཡིས་འབྲི།།

དེ་ནས་བདེན་མཐོང་ཐོད་གློག་གཉིས་ཀྱིས་འབྲི།།

དེ་རྗེས་དཔེ་དོན་རྡོ་སྣུམ་ནག་པོ་མ།།

སྤྱི་རྒྱ་སྟོང་གི་ཡན་གྱིས་ཤར་ཤར་འབྲི།།

ང་ཡི་གཏམ་གྱི་རླངས་འཁོར་ལྡིར་ལྡིར་པོ།།

ས་ཆགས་འདི་ནས་ལམ་ཆེན་གོང་མར་བརྒྱུགས།།

དེ་ནས་སྐད་ཅིག་བཞི་མདོའི་གྲོང་ཆེན་བརྒྱུད།།

མཐའ་མར་དམིགས་པའི་གནས་དེར་རྡུལ་འཚུབ་བཅས།།

ཐོན་ཡོད་ད་དུང་གར་འགྲོའི་སྟ་གོན་འཚགས།།

                       ༢༠༡༧ ༩ ༢༥ 

9999.jpg


                           ༈ ཚོགས་གླུ་ཡིད་འབྱུང་མ། 

                                  རུས་པའི་ལམ་རིང་ཟད་ཅིང་རྣག་ཁྲག་གི །

                                 ཆུ་ངན་བསྐམས་ཤིང་གདོས་ཕུང་ཡོངས་སྤངས་པའི།།

                                 བཅོམ་ལྡན་ནམ་སྐྱེས་བུ་ཆེན་པོར་འདུད་དོ།།

                                 རྣམ་རྟོག་གིས་གཟིར་བདག་དང་བདག་འདྲ་དག །

                                 ལམ་བརྒྱའི་མཐའ་ནས་འཁྱར་བ་གཟིགས་ལགས་ན།།

                                 མི་ཟད་སྐོམ་པས་གདུངས་པ་མཁྱེན་ལགས་ན།།

                                 ཁེངས་དྲེགས་སྟག་གཟིག་ཤི་བ་འདི་ལགས་ན།།

                                 ལས་ཀྱི་དབང་དུ་གྱུར་པ་གཟིགས་ལགས་ན།།

                                 ལས་ཀྱིས་དབང་ཡོད་བྱས་པ་གཟིགས་ལགས་ན།།

                                 སྙིང་ཚ་ལུས་ངལ་ཐུ་ལས་བསྐྱབ་ཏུ་གསོལ།།

                                 ཉིང་འཁྲུལ་མགོ་རྨོངས་ཐུ་ལས་བསྐྱབ་ཏུ་གསོལ།།

                                 དེ་རིང་དགོས་པའི་དབང་གིས་དཔལ་འབྲུག་མོའི།།

                                 ཚོགས་པའི་སྤུན་ཟླ་རྣམས་ལ་ཚིག་འགའ་འཆད།།

                                 བདག་ཀྱང་བོད་སྐད་སྨྲ་བ་ཐམས་ཅད་ལ།།

                                 བག་ཆགས་དབང་གིས་དགའ་བ་མཆིས་མོད་དེ།།

                                 གཞན་ལ་ངོ་བསྟོད་བྱེད་པའི་ལོང་མི་འདུག །

                                 རང་ལ་རང་བསྟོད་བྱེད་པའི་སེམས་མི་འདུག །

                                 སྤྱིར་ན་འདུག་མོད་ད་ཚོད་མི་འདུག་སྟེ།།

                                 བསམས་ཤིང་བསམ་ན་ལྷག་ཏུ་མི་འདུག་ལགས།།

                                 དེའི་ཕྱིར་འདིའི་ཕྱིར་ཟེར་བར་ཐང་ཡང་ཆད།།

                                 པར་བརྙན་སྒྲ་སོགས་གཏོང་བར་མགོ་ཡང་ན།།

                                 ཉི་ཚེའི་རྒྱུ་མཚན་འདྲེན་པར་སྒྱིད་ཀྱང་ལུག །

                                 ཡིན་མདོག་མིན་མདོག་ཟ་ཟིའི་གཏམ་ཚོགས་ནི།།

                                 སྤེལ་བས་མཐའ་དང་མཚམས་ཤིག་རྙེད་པ་མིན།།

                                 ལན་དང་དྲི་བའི་དྲྭ་བའི་ཁོངས་གསེང་དུ།།

                                 ཉིན་མཚན་འཕག་འཚག་བྱེད་པའི་ང་ཅག་རྣམས།།

                                 མ་བརྟགས་ཉམས་དགའི་ངང་ལ་འཆི་བདག་དྲུང་།།

                                 ཉེ་བར་བཅར་འདི་ཤེས་ན་སྤུ་ཟིང་བྱེད།།

                                 ཚེ་ཡི་ཐག་སྣེར་དུས་ཚོད་མེ་ཡིས་འབར།།

                                 དམར་ཚུབ་ཚུབ་ཏུ་སྐད་ཅིག་ཀྱང་མི་སྡོད།།

                                 དེ་མཐོང་རང་སེམས་རྣལ་དུ་ཁུག་བྱས་ཏེ།།

                                 དོན་ལྡན་བསྟན་བཅོས་བག་ཙམ་ཀློག་པ་འམ།།

                                 ལྗོངས་སུ་རྒྱུ་འམ་ཕལ་བའི་བསམ་གཏན་ཙམ།།

                                 བསྟེན་པས་ཀྱང་ནི་བདེ་བ་དཔག་མེད་རྙེད།།

                                 ལྡོག་ཕྱོགས་སྨྲ་དང་བསམ་བཞིན་སྙད་རྐོ་བ།།

                                 ཟོལ་གྱིས་འཛེར་དང་ཤགས་ཀྱིས་འདེབས་སོགས་ལ།།

                                 གནག་རྫིའང་མཁས་ན་གཞན་དག་ལོས་བྱང་མོད།།

                                 རང་རྒྱུད་ནོངས་བྱེད་གཞན་སེམས་སྲེག་བྱེད་དེ།།

                                 གཏན་གྱི་འདུན་མར་རིགས་པ་མ་ཡིན་པས།།

                                 སྐད་འཕྲིན་ཚོགས་པ་སོགས་ལ་ཡིད་ནི་འབྱུང་།།

                                 དེ་སྐད་སྨྲ་བ་པོ་ཡང་ཆོས་ལམ་དང་།།

                                 སྲིད་ལམ་གཉིས་པོར་ཡར་ལྡིང་མར་ལྡིང་གིས།།

                                 གཏོལ་མེད་རྩེན་མོད་ནང་སེམས་གཞུ་རྒྱུད་དུ།།

                                 གལ་ལ་གཏུགས་ན་བསམ་གཏན་མདའ་མོ་ཅན།།

                                 སྟོན་ཞབས་ཡང་སྐོར་བསྐྱར་སྐོར་བྱེད་པ་པོ།།

                                 ལས་མཐའི་རྔོན་པ་ཆུང་ཆུང་དེས་བསྲིངས་སོ།།

                                                                                  ༢༠༡༧ ༩ ༥ 

 

རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།