
༈ ཡང་བསྐྱར་མཚོ་ཁར་ཐོན་པ།
མཚོ་རླབས་མཚོ་སྙིང་ཕྱོགས་ནས་ཚུར་ལ་ལུད།།
མཚོ་དར་དུམ་བུ་འགའ་ཞིག་དཀར་ཆིལ་ཆིལ།།
རླུང་གིས་དེད་དེ་ཤར་ནས་བྱང་ལ་བརྒྱུགས།།
མཐོང་མ་མྱོང་བའི་བྱ་ཞིག་རྒྱུ་བ་འདིའི།།
ཕ་ཡུལ་ཐག་ཉེའི་བྱ་གླིང་ཡིན་སྲིད་པས།།
མགོ་འཁོར་མི་སྲིད་ཅེས་ནི་ངས་བཤད་དོ།།
ཕྱི་དྲོའི་ཉི་དམར་འོད་ཀྱིས་མཚོ་མདངས་བསྒྱུར།།
ལན་རེར་མཚོ་མདངས་དམར་སེར་དམར་སེར་འགྱུར།།
ལན་རེར་གློ་བུར་སྔོ་སྐྱ་སྔོ་སྐྱར་འགྱུར།།
ང་ཚོ་མཚོ་འགྲམ་བསྡད་ནས་འདྲ་པར་བརྒྱབ།།
པར་ཆས་འོད་འཚུབ་འོད་འཚུབ་བྱེད་པ་ཡིས།།
ང་ཚོའི་སྣང་བརྙན་སྣ་ཚོགས་པར་ཆས་ནང་།།
ལྷག་ལུས་མེད་པར་དྲངས་མེད་ཅི་ལ་སྲིད།།
རྒྱང་རིང་མཚོ་ཐོག་ནག་ཡོར་ཡོར་ཞིག་འདུག །
གྲུ་ཞིག་མིན་ཚེ་སེམས་ཅན་ཞིག་རང་སྟེ།།
དེ་ཡི་ཕྱོགས་ཀྱང་པར་ཆས་སྐག་སྐག་བརྡབས།།
གཟུགས་རིས་རྟེན་འབྲེལ་ཙམ་ལས་མ་བབས་པས།།
ང་ཚོས་ཡང་བསྐྱར་བྱ་བ་གཞན་དག་བྱས།།
མཚོ་མཐའི་བྱེ་གཟེགས་ནང་ལ་རང་རང་གི།།
མིང་སོགས་བྲིས་ཏེ་ཡིག་གཟུགས་སུའི་ཡག་འགྲན།།
མཚོ་མཐའ་ཕལ་ཆེར་འབྲོག་མིས་འཕངས་པ་ཡི།།
གཏེར་ཁུག་དཀར་དམར་སེར་གསུམ་གྱིས་བཀང་འདུག །
འདི་དག་ཀྱང་ནི་མཚོ་རླབས་ཀྱིས་དེད་དེ།།
མཚོ་སྙིང་ཕྱོགས་སུ་འགྲོ་རུ་མ་བཅུག་འདྲ།།
གཏེར་ཁུག་ལ་ལའི་སྟེང་ན་གཡུང་དྲུང་འདུག །
གཏེར་ཁུག་ལ་ལའི་སྟེང་ན་ཆོས་འཁོར་འདུག །
དེ་ལ་བལྟས་ན་དད་ལྡན་གྲུབ་མཐའ་ཤེས།།
བན་དེ་བོན་པོ་གཉིས་པོའི་ཡིན་ལས་ཆེ།།
ང་ཚོས་ཕུད་པའི་མཚོ་བསང་དུ་སྔོན་གཏོང་།།
དུ་བའི་ཨ་ལོང་ནང་ལ་ཨ་ལོང་བརྒྱུས།།
མཚམས་མཚམས་མེ་སྟག་ཆུང་ཆུང་རླུང་གིས་འཁྱེར།།
ལྷག་ཏུ་བསང་རྩི་བསྲེགས་པའི་དྲི་མ་དེ།།
སྣ་ནང་འཛུལ་བས་ཉམས་སྣང་སྐྱིད་སྐྱིད་འདྲ།།
ང་ཚོའི་ཁྲོད་ཀྱི་གཅིག་གིས་ཤོག་དཀར་འཛིན།།
མཚོ་བསྟོད་ཡིན་ཟེར་སྐད་ངག་འཛེར་འཛེར་འདོན།།
དེ་ནས་དམར་སེར་ཉི་མ་ནུབ་ཏུ་ལྷུང་།།
དཀར་སེང་ཟླ་བ་མི་རིང་འཆར་ངེས་ཡིན།།
ད་གདོད་མཚོ་ཐོག་ཡོངས་རྫོགས་ནག་ངམ་མེ།།
མཚོ་མཐར་རླུང་བུ་ཕྲ་མོ་བསིལ་བསིལ་ལྡང་།།
2017.2.6

༈ ཚངས་དབྱངས་རྒྱ་མཚོ།
གངས་རིའི་ཐོག་གི་དམར་ཐིག་ཆུང་ཆུང་ཞིག །
འགུལ་བཞིན་ང་དང་ཇེ་ཉེ་ཇེ་ཉེར་སོང་།།
གམ་དུ་སླེབས་དུས་གྲྭ་བ་དར་མ་ཞིག །
ཁ་ངོ་བུད་མེད་ནང་བཞིན་དཀར་ལ་འཇམ།།
“བཀྲ་ཤིས་བདེ་ལེགས་ཞུ”ཟེར་ཐལ་མོ་སྦྱོར།།
སྐད་ཆ་དྲིས་པས་ཚངས་དབྱངས་རྒྱ་མཚོ་རེད།།
ཁོང་གིས་ཁོང་གི་ཁྱི་གུ་བོར་སོང་ཟེར།།
“ཆེ་ཆུང་འདི་ཙམ”ཟེར་ནས་སྙིམ་པ་སྟོན།།
མཁྲིག་མའི་ཕྲེང་བར་འོད་མདངས་གཉོམ་པོ་འཕྲོ།།
བླ་ཆེན་ཟེར་བ་འདྲ་རྒྱུ་མི་འདུག་ཨང་།།
ངེད་གཉིས་འགྲོགས་ནས་ལྷ་སའི་ཁྲོམ་ལ་སོང་།།
སོང་གིན་སོང་གིན་བར་སྐོར་གཡས་ལ་ཐོན།།
“ཨ་ཇོ”ཟེར་བཞིན་བུད་མེད་གཞོན་ནུ་ཞིག །
བརྒྱུགས་ནས་ཚངས་དབྱངས་རྒྱ་མཚོའི་གཟན་ལ་འཇུས།།
ཁོང་གི་ཞལ་རས་ཅུང་ཟད་དམར་པོར་གྱུར།།
“ཁྱི་གུ་འཚོལ་དུ་མྱུར་མོར་འགྲོ་དགོས”ཟེར།།
ངས་ནི་བུད་མེད་དེ་ལ་ལག་འཇུ་བྱས།།
ཁ་བརྡ་ཡར་མར་གླེང་ནས་འདྲིས་ཐབས་བྱས།།
ད་གདོད་རིན་པོ་ཆེ་ཡང་ལྷོད་ལ་བབས།།
རིམ་གྱིས་ངེད་ཅག་གླིང་མཐར་འཁྱམ་དུ་སོང་།།
མ་ཎི་རྡོ་འབུམ་ཡོད་སའི་མདོ་ཞིག་ནས།།
རྟ་པ་མང་པོས་ཀི་ལྡིར་བྱས་ནས་ཡོང་།།
གློ་བུར་རིན་པོ་ཆེ་ནི་རྒྱབ་ལག་བཀྱིགས།།
གྲི་ཕྱུང་བུད་མེད་དེ་རང་ཁ་མལ་བསད།།
ང་ལ་ཉེས་པ་མེད་ཟེར་དར་མདོར་བསྐྱལ།།
(2017.2.4)

༈ མཚོ་ཁའི་བཅད་གསར་སྙན་ངག་པ་ཞིག་བཙོན་གྲོལ་ཐོབ་པ།
ཁྱོད་ནི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ།།
ནང་སེམས་འབྲི་བའི་སྙན་ངག་པ་དེ་ཡིན།།
ཉིན་དེར་ཁ་བ་ཞིག་ཀྱང་འབབ་བཞིན་ཡོད།།
སྟོན་ཁ་ཡིན་ཙང་སྡོང་བོའི་ཡལ་འདབ་ལས།།
ལོ་མ་སེར་པོ་ཧྲག་ཧྲག་ལྷུང་གི་ཡོད།།
ཁྱོད་ཀྱིས་མཚོ་ཁའི་བྱེ་གསེང་རྗེ་མི་ལའི།།
མགུར་འབུམ་ཀློག་ཅིང་འོ་ཇ་འཐུང་སྒང་ལ།།
ཉེན་རྟོག་རླངས་འཁོར་ཕེ་རིང་འདེབས་བཞིན་དུ།།
རྣམ་རྟོག་ཟ་བའི་གློག་དམར་རྡེབ་བཞིན་དུ།།
ཁྱོད་སར་ཐོན་ནས་ཁྱོད་ལ་ལྕགས་སྒྲོག་བརྒྱབ།།
སྐྲ་ལོར་གསིག་འཐེན་བྱེད་བཞིན་ཁྲིད་སོང་ཟེར།།
ཁྱོད་རང་འཛིན་དོན་མི་རྣམས་ཁ་མི་མཚུངས།།
ལ་ལས་བཤད་ན་ཁྱོད་ཀྱི་ཨམ་ཕྲག་ཏུ།།
ཉལ་ཐ་དཀར་པོ་ཅུང་ཟད་བསྡུས་ཡོད་པ།།
ཁྱིམ་མཚེས་བུ་མོས་ཤེས་ནས་གཏུགས་སོང་ཟེར།།
འགའ་རེས་ཟེར་ན་ཁྱོད་ཀྱིས་རྩོམ་བྲིས་ནས།།
རྩོམ་ལུས་མང་པོར་ཕོག་ཐུག་བཏང་བ་ནི།།
ཁྱོད་ཀྱི་ནག་ཉེས་གཙོ་བོ་ཅིས་མིན་ཟེར།།
བཙོན་ཁང་ནང་དུ་ཁྱོད་ཀྱིས་གྱང་ངོས་སུ།།
མཛུབ་མོའི་ཁྲག་གིས་སྙན་ངག་ཅིག་བརྩམས་པས།།
བཙོན་གྲོགས་རྣམས་ཀྱི་སེམས་པར་མཉེན་པར་བབས་ཏེ།།
ཁྱོད་ཀྱི་མཐའ་ཁ་བསྐོར་ནས་ཕྱག་འཚལ་སྐད།
དེ་ཡིས་བཙོན་སྲུང་པ་ཚོར་ཡིད་འགུལ་ཐེབས།།
ཁྱོད་རང་ལས་ཀ་ལྗིད་མོར་མ་བསྐུལ་ཟེར།།
མི་ལོ་བཅུ་གསུམ་འགོར་བའི་དེ་རིང་ནི།།
ཁྱོད་ཀྱི་བཙོན་གྲོལ་ཉིན་མོ་ཡིན་པས་ན།།
ང་ཡིས་རླངས་འཁོར་བཏང་ནས་བཙོན་ཁང་སྒོར།།
ཁྱོད་ལ་བསུ་མ་བྱེད་དུ་ཐོན་ཡོད་ལགས།།
བཙོན་ཁང་སྒོ་ཆེན་སང་སྒྲ་དང་བཅས་ཕྱེས།།
ཁྱོད་ནི་ངོ་ཕྱེད་གྲིབ་མའི་གཡོག་བཞིན་དུ།།
ཕྱི་ལ་བུད་བྱུང་ཉམས་ཟིལ་སྔར་བཞིན་རེད།།
ལག་པ་ཕར་ཚུར་བརྐྱངས་ནས་སྐྱེད་ཅིག་འཕུད།།
ཁ་རླངས་ཕྱི་རུ་གཏོང་མུར་ངར་བལྟས་ནས།།
“ཡ་ད་ཐོག་མར་མཚོ་ཁར་འགྲོ་དགོས”ཟེར།།
གནའ་བོའི་དྲག་རྩལ་པ་ཞིག་མཇལ་བ་བཞིན།།
ང་ནི་སྙིང་ནས་ཁྱོད་ལ་དད་པ་སྐྱེས།།
(2017.2.5)

༈ མེ་ཏོག་ནག་པོ།
ལྷ་ཁང་དཀར་འཇོང་རྒྱ་ཕིབས་ལྗང་ནག་ཅན།།
རྒྱ་ཕིབས་རྩེ་ན་ལྕགས་ཀྱི་ཚེས་རུ་ཅན།།
ཆིན་ཀྲིན་ཏ་ཟི་ཞེས་གྲགས་སུས་མི་ཤེས།།
ཁང་ཆེན་མང་ཞིང་ཁང་སྟོང་དེ་བས་མང་།།
ཁོ་ཚོ་རང་གི་ཁྱད་ཆོས་ཀྱིས་ཕྱུག་པའི།།
ཆོས་ཀྱི་འདོན་དབྱངས་ཀླད་དམ་སྟེང་ནས་ཡོང་།།
དད་པ་མེད་ཀྱང་བརྩི་བཀུར་ངང་གིས་འཆོར།།
འདི་ན་ཞྭ་དཀར་གྱོན་པ་འབུམ་ཕྲག་བཞུགས།།
མི་རེས་གདན་རེ་བཟུང་ནས་འགྲོ་བར་བྱེད།།
ལྷག་ཏུ་དགོན་ཆེན་གང་གི་རྒྱབ་རོལ་གྱི།།
གདན་འཚོང་ཁང་གི་ཁ་ཆེའི་བུ་མོ་དེ།།
མགོ་རས་ནག་པོའི་ཀློང་ནས་དགོད་བཞིན་དུ།།
རྒུན་འབྲུམ་སྤར་གང་སྟེར་བཞིན་སྟབས་སྤྱོད་འཕུད།།
ཆ་བྱད་བལྟས་པས་གཉེན་བསྒྲིགས་ཟིན་པ་ཤེས།།
འོན་ཀྱང་ཞེན་ཆགས་བུང་བ་དེ་ནས་ལུས།།
ཕོ་ཤར་བསམ་པ་ཁྲ་ཆིལ་དགུ་ཆིལ་རེད།།
(2017.2.1)

༈ སྙན་ངག་དང་རྒྱག་རེས་ཤོར་བ།
དེ་རིང་ཡང་བསྐྱར་དྲ་མའི་སྒོ་ཕྱེས་ནས།།
སྙན་ངག་ཡོང་གི་ཡོད་མེད་བལྟས་པ་ཡིན།།
སྙན་ངག་ཡོང་གི་མེད་མོད་ཤིག་སེ་ཕིར།།
སྙན་ངག་ཡོང་སའི་ཕྱོགས་ན་ཡོང་གིན་འདུག །
“ཨ་རོ་སྙན་ངག་ད་དུང་མ་ཡོང་ངམ”།།
ཟེར་བཞིན་ཁོ་པ་མུ་མཐུད་མདུན་ལ་འགྲོ།།
ར་སྐོར་འདི་ན་ཁྱིམ་ཚང་མང་ཡོད་ཀྱང་།།
སྙན་ངག་གདན་འདྲེན་ཞུ་མཁན་ཉུང་ཉུང་ཡིན།།
དེ་ནི་སྙན་ངག་ཆང་ལ་དགའ་བས་དང་།།
བཟི་ན་ཆང་སྐྱོན་འཕུད་པས་ཀྱང་ཡིན་ནོ།།
ང་ཡི་རྣ་ལྟག་ཡོད་པའི་རྨ་ཁ་ཡང་།།
སྙན་ངག་བཟི་ནས་རྡོ་ཡིས་བརྒྱབ་ཤུལ་ཡིན།།
དྲང་མོར་བཤད་ན་ངས་ཀྱང་ཁོར་གྲིས་བསྣུན།།
སྙན་ངག་སྤྱིར་བཏང་མཚན་མོའི་དུས་སུ་ཡོང་།།
ཟླ་འོད་ཁྲོད་ནས་འཕུར་ལྡིང་བྱེད་བཞིན་ཡོང་།།
ཁང་ཀླད་བརྒྱུད་ནས་རྐུན་མ་བཞིན་དུ་ཡོང་།།
འོན་ཀྱང་སྙན་ངག་ལ་ཡང་ཐུགས་ཁག་མེད།།
ས་འདིའི་ཁྱི་བཙན་སྙན་ངག་མ་བཤད་དང་།།
རང་མིར་རྨུགས་ནས་བསད་པར་གྲངས་ཀ་མེད།།
གོ་བདུན་ལོ་ཡི་དབྱར་ཁར་སྙན་ངག་ཅིག །
ཁྱི་ལྡོམ་མང་པོས་གཡེངས་ནས་རྐང་བ་བཅད།།
དེ་ནས་བཟུང་སྟེ་སྙན་ངག་མཚན་མོའི་དུས།།
ལྐོག་ལྐོག་སུད་སུད་བྱས་ཏེ་ཡོང་རྒྱུར་གོམས།།
ང་ནི་འདི་ལྟར་མུ་མཐུད་དྲ་རྩར་བསྡད།།
སྙན་ངག་མི་ཡོང་དོན་ལ་བསམ་བློ་བཏང་།།
དྲ་མའི་ནང་ནས་རླུང་ཡོང་རླུང་ཁྲོད་དུ།།
སྙན་ངག་བྱུགས་པར་དགའ་བའི་སྤོས་ཆུའི་དྲི།།
རབ་ཏུ་བྲོ་བས་སྙན་ངག་ཐག་ཉེ་ལ།།
ཐོན་བསྡད་ཡོད་པ་སེམས་ནས་གསལ་པོར་ཤེས།།
གཟའ་འཁོར་སྔོན་མར་སྙན་ངག་གིས་གཡར་བའི།།
འོད་སྡེར་གཅིག་ལ་ད་དུང་བལྟས་ཚར་མེད།།
དེའི་ཕྱིར་ང་རང་ཅུང་ཟད་བྲེལ་བའང་ལངས།།
(2017.2.3)

༈ ཟི་ལིང་དུ་སོང་བ།
འགྲུལ་འཁོར་ཡོམ་འགུལ་དང་བཅས་ལམ་ལ་ཆས།།
ཡང་བསྐྱར་ཡོམ་འགུལ་དང་བཅས་ཏན་སེ་བསྡད།།
གཡིས་དུག་ཕོག་ནས་བོང་སྟག་ཨ་མྱེས་ཤིག །
ཡང་གླལ་བསྐྱར་གླལ་བྱས་མཐར་སྟབས་ཐུག་བསྐྱུགས།།
བྱ་སྒོང་རྒྱ་མ་དོ་གསུམ་བཟུང་བ་ཡི།།
ཨ་ཕྱི་ཞིག་གིས་ཧེ་ཡན་འགྲོ་ཟེར་འཛུལ།།
སྟར་ཀ་ཟ་བའི་བྱིས་པ་ཞིག་ཀྱང་འཛུལ།།
མི་མཛའ་བ་ཞིག་དེ་ཡིས་ཀུ་བདུན་འཛིན།།
སྐད་འཕྲིན་ཁ་གཏད“མུ་མུ་ཏཱ”ཞེས་ཟེར།།
ཁ་ལོ་པ་ཡིས“གཞུག་ལ་གཏོད”ཟེར་བཞིན།།
ཡང་བསྐྱར་གཏོང་གྲབས་བྱས་མོད་སློབ་འབྲིང་སྒོར།།
བན་དེ་གཉིས་ཀྱིས་ལག་པ་བསླངས་ནས་བཀག །
ད་གདོད་གསེར་དངུལ་ཐང་ལ་ཐོན་པའི་བར།།
བདེ་ཆེན་དབང་མོའི་གླུ་དབྱངས་བཏང་ནས་སོང་།།
དྲ་མའི་ཕྱི་རུ་གནམ་སྔོན་སྤྲིན་དཀར་ཚོགས།།
རྒྱབ་ཕྱོགས་བཞུར་ལ་རྫོགས་མཐའ་མེད་པ་དང་།།
རོང་མོ་ཁྱི་ཁྲིད་ཅིག་དང་ལོ་ལོན་འགའ།།
སྟོང་སྐོར་ཐོན་ཁར་བཙངས་རྒྱག་བྱས་ཏེ་བབས།།
འཁོར་རིགས་ཕན་ཚུན་ནས་གདོང་ཐུག་མི་བདུན་ཙམ།།
ཏོ་པའི་ཟམ་འོག་བསད་ཡོད་འཇིགས་སུ་རུང་།།
གདུགས་ཐུང་འདོན་པའི་ཨ་ནེ་མིག་ཤེལ་ཅན།།
ཟམ་འོག་ལྟ་བཞིན་དཀོན་མཆོག་གསོལ་བ་འདེབས།།
དེ་ནས་ཟི་ལིང་ཐོན་ནས་སོ་སོར་གྱེས།།
ང་ནི་རྒྱབ་ཁུག་ཁུར་ནས་མགྲོན་ཁང་བསྙེགས།།
(2017.2.3)
གསལ་བཤད། སྙན་ཚོམས་ཀྱི་བར་བཅུག་ལ་ཆེད་དུ་བདམས་པའི་པར་རིས་འདི་དག་ནི། ཧི་མ་ལ་ཡའི་རི་འདབ་ཀྱི་འཚོ་བ་བྲིས་པའི་རི་མོ་ལེགས་པོ་འགའ་ཡིན་ལ། རི་མོ་པས་ངེད་དྲ་བའི་རྩོམ་སྒྲིག་ཁང་གི་སྙན་ངག་ལེགས་གྲས་བར་བཅུག་ཏུ་བཀོལ་ཆོག་པའི་བདག་དབང་སྤྲད་ཡོད་སྟབས། གང་འདོད་བཤུ་སྤེལ་བྱ་མི་རུང་།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།