
༈ བླ་མ།
སྤྱན་གྱི་ཉི་ཟླ་ཁྲ་ཆིལ་ཆིལ་དུ་གདའ།།
ང་ནི་སྨྲ་བ་མེད་པར་བསྒུར་ནས་བསྡད།།
སྤྱན་གྱི་ཉི་ཟླ་ཁྲ་ཆིལ་ཆིལ་དུ་གདའ།།
ང་ནི་འབྲོ་རྩིས་བྱས་ཀྱང་སྒྱིད་པ་སྦྲིད།།
སྨིན་མའི་སེང་གེ་དེ་ཡིས་བདག་འཛིན་བརྟོལ།།
གཉེར་མའི་མེ་ཏོག་རེ་རེས་ཡིད་དབང་འཕྲོགས།།
རྗེ་བཙུན་དཔའ་བོ་ཁྱོད་དང་གཡུལ་བཀྱེས་མཐར།།
དར་ཆ་ཕབ་ནས་འབྱོལ་མཁན་ང་རང་ཆགས།།
ཞེས་པ་འདི་སེང་རྡོར་གྱིས་དིལ་མགོ་མཁྱེན་བརྩེ་མཆོག་གི་སྐུ་པར་འགའ་ལ་མཇལ་རྗེས་ཤར་མར་བྲིས།

༈ སྙན་ངག་སྐ་རགས་ཀྱི་མདུད་ཁ་ཞེས་བྱ་བ།
མེ་ཏོག་སོས་པ་འདབ་མ་གཡེལ་བ་ལ།།
ཞོགས་པའི་ཟིལ་ཆུས་བརྒྱན་པ་ནང་བཞིན་གྱི།།
ཁྱེད་ཀྱི་མཆུ་སྒྲོས་འདི་ནི་བིམ་པའམ།།
ཞིམ་པའི་ཞོའམ་སྦྲང་ངམ་བུར་རམ་ཅི།།
ཡིད་འོང་སྣ་དེའི་འོག་གི་ཁ་ལ་ལྟོས།།
དམར་ཞིང་སྣུམ་ལ་ཆུང་ཞིང་གཡེལ་བར་ལྟོས།།
ཁ་དེ་གདངས་ནས་སོ་ཞིག་བཏབ་གྱུར་ན།།
བྲང་ལ་རྨ་ཁ་བཏོད་ཀྱང་འགྱོད་པ་ཅི།།
མོ་ནི་ང་ཡི་གཡང་དཀར་ལུག་ཁྱུ་ཡིན།།
ང་ནི་ལུག་མཐའི་ཁྱི་རྒན་ནག་ལྡང་ཡིན།།
ང་ཡིས་སྐྱག་པ་ཟ་ཞོར་ལུག་ཁྱུ་བསྲུངས།།
ང་ཡིས་རྔ་མ་གཡུག་ཞོར་ལུག་ཁྱུ་བསྲུངས།།
མོ་ཡི་ལག་པས་ང་ཡི་རྣ་འབྱོག་གཉིས།།
ཚ་རག་བར་དུ་འཐེན་ཏེ་མོའི་ཕན་ནས།།
བུ་མོ་གཞན་པ་བཙལ་ན་མི་ཆོག་ཅེས།།
བསྒག་ཀྱང“ཡ་ཡ་ཡ”ཞེས་ཁས་ལེན་ནོ།།
སངས་རྒྱས་སྟོང་ལ་ཅི་མི་སྙམ་པ་དང་།།
མཁས་གྲུབ་འབུམ་ལ་དཔུང་ཐུག་རྒྱག་པ་ངས།།
དེ་རིང་ནག་མོ་གཅིག་ལ་ཕྱག་དགུ་བཙལ།།
ཁོ་མོའི་རྐང་བ་བཀྲུས་ནས་རྐང་ཆུ་འཐུངས།།
ཞེས་པ་འདི་དྲ་ལམ་དུ་གཞས་མ་དབང་སྒྲོན་མཚོ་ལགས་ཀྱིས་སྤེལ་བའི་ཁོ་མོ་རང་གི་པར་འགའི་གཤམ་ལ་ངས་ཚིག་གཅིག་བྲིས་པ་ལ། དྲ་འབུ་ལ་ལས་ཁྱོད་རང་མོ་ལ་དགའ་འམ་སོགས་འདྲི་མི་དགོས་པ་མང་པོ་དྲིས་བྱུང་བས་ཁོ་བོ་ཉམས་འུར་ཏེ་ཁད་ཀྱིས་བྲིས་པ་ལགས།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།