
སྡུག་བསྔལ་ལས་སྐྱེས་པའི་སྙན་ངག
༡
མི་ཡི་སེམས་ཀྱི་འཁྱགས་པ་མང་པོར་འོད་ཟེར་འཕྲོ་ཞིང་མེ་སྟག་མཆེད།།
མི་ཡི་སེམས་ཀྱི་སྲང་བར་དག་ན་སྐྱེ་རྒ་ན་འཆིའི་སྣམ་བུ་འཚོང་།།
མི་ཡི་སེམས་ཀྱི་ཁྱི་གུ་རེ་རེས་རྣ་བ་ཕབ་ནས་ལྕགས་ལ་སྣོམ།།
ཀྱེ་མ་མི་སེམས་ཉི་འོད་ཀྱིས་ནི་ཁང་བའི་ཕྱི་ལས་ནང་མི་གསལ།།
འཇིག་རྟེན་འཁོར་བ་ཞབས་མེད་འདི་ལ་སྙིང་ཁམས་སྲ་བས་ཅི་ཞིག་ཕན།།
༢
རྟ་མཆོག་དཀར་དཀར་ལྕགས་ཀྱི་གཤོག་པ་གཡོབ།།
ལམ་གྱི་ནམ་མཁར་ཁངས་ཆར་འདྲེས་མ་འབབ།།
སློབ་དཔོན་དམ་པ་བྱ་ལམ་གོང་མ་རུ།།
སྐུ་སྙུང་བཞེས་ཤིང་ཞལ་ལས་མ་ཎི་ཡི།།
དབྱངས་རྟ་ལྷང་ལྷང་ལྷང་དང་ལྷང་ལྷང་ལྷང་།།
༣
སྒྲ་ལ་མཉན་ནས་རི་ལ་འགོས་ཡོད།།
ཤིང་ལ་འཐམས་ནས་རྩེ་ལ་བརྟོལ་ཡོད།།
གནམ་ལ་སྐས་མེད་ས་ལ་ལམ་མེད།།
ཐུར་ལ་བལྟས་པས་ཞི་ལ་འགའ་ཞིག །
ཤར་ལ་བརྒྱུགས་ནས་བྱང་ལ་ཡལ་མཐོང་།།
༤
འདི་ན་གློག་ཞགས་འཁྱུད་པའི་ཐག་སྣེ་རུ།།
རྡོ་བ་གཅིག་གཉིས་རེ་ནི་ཁྱོད་སར་ལྡིང་།།
དེའི་ཕྱིར་སྟོན་མཇུག་སྤྲ་བའི་མེ་ཏོག་བཞིན།།
ཁྱིམ་གྱི་བྱེའུ་ཚང་ནམ་ཞིག་རླུང་གིས་གཏོར།།
དེ་ཡི་ལག་སྔ་བརྩད་ནས་རུ་ཉུལ་འགྲོ།།
དལ་ཞིང་ཁོམ་པའི་གཏམ་མོལ་ཆང་ཡང་འཐུང་།།
ཕྱི་དྲོར་ཁྱིམ་དུ་ལོག་སྐབས་འཐེན་ཐུག་བསྐོལ།།
༢༠༡༥ ༩ ༢

བག་ཉལ་གྱི་རྒྱབ་རོལ།
༡
རི་རྩེ་ན་འབར་བཞིན་པའི་མེ་ལྕེ་དམར་ཧང་ཧང་བ་དེ།།
སེམས་ཀྱི་ཅི་ཞིག་ཁོ་ནས་ཇེ་ཆེ་ཇེ་ཆུང་དུ་གཏོང་ཐུབ།།
ངས་རང་གི་དབུགས་ལ་ཁ་ལོ་སྒྱུར་བ་བཞིན་སེམས་བཏུལ་བས།།
རི་མགོའི་མེ་ལྕེ་ངའི་ཚོད་འཛིན་བཞིན་བོངས་ཚད་སྣ་ཚོགས་གྱུར།།
དེ་བས་ཁ་བ་དཀར་པོའི་ཁྲོད་ཀྱི་ངེད་ཀྱི་སྡེ་བ་ཡི།།
ཁྱིམ་ཚང་ཞིག་ཏུ་བདག་གིས་སེམས་ནི་སྟོབས་དང་ལྡན་འདུག་སྨྲས།
༢
ཕྱི་གླིང་བ་ཞིག་རང་གི་ཨམ་ཕྲག་ནས།།
ལྷག་ལྷག་འོད་ཟེར་འཕྲོ་ཞིང་སྤྲིན་གྱིས་ནི།།
ཅུང་བཀླུབས་ཉི་མ་ཆུང་ཞིག་རབ་བླངས་ཏེ།།
ང་ཡི་ལག་མཐིལ་བཞག་སོང་ངས་ཀྱང་དེ།།
རྒན་པོ་ཞིག་གི་ལག་མཐིལ་བཞག་ནས་ནི།།
སྤྲིན་བསྣན་ཆུ་ཡིས་གསོས་ནི་བཏབ་གྱུར་ཚེ།།
རྒན་པོའི་ལག་མཐིལ་པདྨ་ལྟར་གས་ཤིང་།།
དེ་ལས་ཉི་མ་ཡི་ནི་དུམ་བུ་དག །
མཚན་མོའི་ཀློང་དུ་ཟགས་ཤིང་མཚན་མོ་ཡི།།
གཏམ་རྒྱུད་ཕྱལ་ལེ་བ་འགའ་འགྲུབ་པར་བྱས།།
༣
ངས་ནི་རང་གི་སེམས་གཏིང་གི །
སྤྱང་ཀིའི་མཐོང་སར་མཐོང་ཙམ་གྱིས།།
དད་པ་འཆོར་སའི་མཆོད་རྟེན་ཞིག །
བཞེང་འདོད་དེ་ཡི་བདག་པོ་ལ།།
བདག་མེད་དྭ་ཕྲུག་ཅིག་བསྐོ་འདོད།།
དེ་ནི་ཆུ་ལ་ལྷུང་བ་ཡི།།
ཉི་འོད་ཀྱི་ནི་མདུད་པ་འདྲ།།
མཆོད་རྟེན་འཁྲིས་ལ་མི་ཚོགས་དང་།།
མི་ཚོགས་དཀྱིལ་ལ་ས་རྡུལ་དང་།།
ས་རྡུལ་ལས་ནི་རླངས་འཁོར་དང་།།
རླངས་འཁོར་ལས་ནི་ཁ་ཆེ་པ།།
སྤྱང་རྙི་ཐོགས་འགའ་འབྱུང་འཇུག་འདོད།།
ངས་ནི་རང་གི་འཆར་སྣང་གི།
ཚོ་བར་སྐྱེ་བོ་ཆ་མེད་ཅིག །
མངག་འདོད་དེ་ཡི་མི་རྒྱུད་དུ།།
བུད་མེད་ལས་ངན་ཞིག་བཙའ་འདོད།།
དྭ་ཕྲུག་དེ་དང་བུད་མེད་དེ།།
བཤོས་ལས་ང་ནི་སླར་སྐྱེ་སྟེ།།
སྙན་ངག་ངང་བའི་རྒྱལ་པོ་ནི།།
མཆོད་རྟེན་དེའི་རྩེར་འཕུར་འཇུག་འདོད།།
ཚུལ་དེ་གཏམ་དང་ཟེའུ་འབྲུ་དང་།།
སྐྱེ་བ་གཏན་གྱི་བུ་ལོན་ཡིན།།
དཔེར་ན་གུར་ཀུམ་ལི་ཁྲི་དང་།།
མཚམས་སྤྲིན་གསུམ་གྱི་ཁྱད་པར་རམ།།
དེ་དག་ཁྱད་པར་མེད་འདྲ་འོ།།
༤
དེ་རིང་ཐང་ཚང་མ་མིག་གིས་གང་འདུག །
བདག་གི་མིག་ཀྱང་དེ་ཡི་ཁྲོད་སླེབས་འདུག །
མི་ཚང་མས་ཤར་གྱི་ཕྱོགས་སུ་བལྟས་འདུག །
ཤར་ཕྱོགས་ནི་གྲུ་བཞི་བརྒྱས་བྱས་པ་དེའོ།།
དེ་རིང་ལྷ་འགའ་ཞིག་ཤི་བར་གྱུར་ཏེ།།
རུས་པ་ཚང་མ་མུན་ནག་གིས་བཏུམས་འདུག །
ང་ཡི་ཁ་པར་ནང་གི་འདྲ་པར་ཞིག །
ཆུ་འམ་ཅི་ཡིས་རློན་པར་བཏང་བྱུང་།།
༥
གླང་ཆེན་ཕྲུ་གུ་འབུམ་ཕྲག་ཅིག །
དཀར་སེང་འགྲོ་ལྟ་མཆིས་པ་དེ།།
སྤྲིན་ནོ་དེའི་ལོགས་ཉི་མ་དང་།།
མཚུངས་པར་རྒྱུ་གང་ཉི་མ་འོ།།
དེ་གཉིས་བར་དུ་ཆུ་བོ་ནི།།
བཞི་འབབ་བཞི་ཡི་གཅིག་གི་ནི།།
མགོ་ཁུངས་ལ་ངའི་སྒྲུབ་ཕུག་དང་།།
གཞན་གསུམ་མགོ་ཁུངས་མེ་ལྕེ་དང་།།
མེ་དཔུང་དང་ནི་མེ་མདག་ཡོད།།
དེ་དག་རེ་རེ་སྡེ་བ་རེ།།
ཡིན་ཞིང་ཁྱི་སྐད་ལྷང་ལྷང་གིས།།
བྲག་ལ་མཆེད་ཅིང་བྲག་ཅ་ཡིས།།
ཁ་བའི་གཞི་ལ་འཕག་འཚག་བྱེད།།
༢༠༡༥ ༡ ༦

ཟི་ལིང་དྲན་པ།
རླངས་སྣུམ་གྱི་དྲི་མ་འཐུལ་སའི་སྲང་ལམ་སྟེ།།
ཉི་མ་ཞིག་དྲོ་དུས་དོན་དག་འབུད་ས་དེར།།
གྱང་ངོས་སུ་བརྡ་ཁྱབ་ཤོག་ཙེ་མང་ས་དེར།།
སྟོན་དགུན་མཚམས་སུ་རོགས་ལོ་མ་དྲན་ས་དེར།།
ས་འོག་ཆུ་སྦུག་ལས་རྟ་རོ་འབུད་ས་དེར།།
མི་ཆེན་གྱི་བྲིས་རིས་ཅུང་ཟད་འབེལ་ས་དེར།།
ཁ་པར་མང་པོ་འོད་ཡུག་ཡུག་འཚིག་ས་དེར།།
གཟི་རྫུན་དང་བྱུར་རྫུན་གྱིས་མིག་འཕྲོག་ས་དེར།།
དབྱངས་ཅན་ལྷ་མཛེས་ཀྱི་གླུ་སྐད་འགག་ས་དེར།།
སྟེགས་བུ་ལྗང་ཁུའི་ལྒང་ནག་ངང་གིས་ལྡིང་བྱུང་།།
ཕྱུགས་ཟོག་གི་སྐེ་ནས་ཁྲག་དམར་ཤུགས་ཀྱིས་འཛར།།
ཁྲག་གི་ཐིགས་པ་རེ་རེ་ཡིས་བར་སྣང་གཤགས།།
དམ་ཆོས་ཡི་གེ་དྲུག་མ་ས་རྡོ་ལྟར་ཉིལ།།
མཛེས་མ་ཞིག་གིས་ཁྱི་གུ་གཉིས་ཁྲིད་ནས་འགྲོ།།
མཛེས་མ་ཞིག་གིས་མཛེས་མ་ཞིག་བསྐྱོར་ནས་འགྲོ།།
གློག་སྐུད་ཀྱིས་རྒྱབ་ཕྱོགས་ལ་དྲག་ཏུ་འཐེན་ཙང་།།
གློག་སྐུད་ཀྱིས་མདུན་ཕྱོགས་ལ་དྲག་ཏུ་འཐེན་ཙང་།།
འཁོར་ལོ་དག་གི་སོ་ཁར་མེ་སྟག་མཆེད་དོ།།
གུས་པའི་བྲང་ཁའི་དཀྱིལ་ལ་ནག་ཅིག་ལྷུང་ངོ་།།
༢༠༡༥ ༡༢ ༡༦

ཁྱོད་ཀྱི་སྣ་མགོར་བསྐུས་པའི་ཟོ་རིས།
༡
བདེ་སྐྱིད་ཀྱི་ཁུག་མ་ཆུང་ཆུང་ཕྲག་ལ་ཁུར་ཡོད།།
སྙིང་པོ་མེད་ཀྱང་ཡོད་ཁུལ་མི་བྱེད་ཐབས་མེད་རེད།།
མི་ཚེ་ཟེར་བ་དར་ཁ་གང་རླུང་གིས་སྐྱོད་འདྲ།།
དེའི་མི་ཚད་དུ་རྟ་རྒོད་པོའི་ལག་པ་ཆག་འདྲ།།
༢
ས་འདིར་གླུ་གཞས་གཏོང་མཁན་མེད་ལ་ཁྱིམ་ཡང་མེད།།
རྡོ་རིལ་ཞིག་ལ་རྐང་པས་རྡེག་བཞིན་སྣ་གླུ་ལེན།།
འདམ་ཁུ་སེར་པོས་རྐང་སྣམ་རློན་པ་རློན་ནག་བསྒྱུར།
ཤོག་བྱ་རེ་འགའ་མགོ་ཐོག་ཕར་འཕུར་ཚུར་འཕུར་བྱེད།།
ཁྱི་རྒན་ཞིག་གི་མགོ་ལ་ཁ་བ་དཀར་ཆིལ་ཆགས།།
དུར་ཁྲོད་ནི་སྤྲིན་དཀར་ནག་གཉིས་ཀྱི་མཚམས་ན་འདུག །
༣
རླངས་འཁོར་གྱི་དྲིལ་བརྡ་སྔ་གཞུག་ཤེད་ཀྱིས་རྒྱག་གོ།།
རྐུན་ཇག་ཐུག་ན་སྙམ་ཡང་ད་དུང་ཐུག་རྒྱུ་མེད།།
༢༠༡༥ ༡༢ ༡༤
རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།