
རང་གི་གཟུགས་འགྱུར་གྱི་ཕྱིར་ལམ་སྙེག་པ།
དེ་རིང་གི་རྟོག་པའི་ཀློང་དུ
ང་རང་སྤྲ་ཞིག་ཏུ་གྱུར
རི་ལུང་ཐང་རྒོད་ན་འདུར་ནས་འགྲོ
དེ་ནས་སྤྲེའུ་ཞིག་ཏུ་གྱུར
རྫོང་མཐུག་པའི་ནགས་ཚལ་ན་རྩེ་དགར་རོལ
དེ་ནས་བྱ་ཞིག་ཏུ་གྱུར
ནམ་མཁའ་ན་མཉེན་ལྕུག་གི་གཤོག་ཟུང་བསྒྱུར
དེ་ནས་སྦལ་བ་ཞིག་ཏུ་གྱུར
ན་འདམ་ན་ཡར་ལྡིང་མར་ལྡིང་བྱེད
དེ་ནས་ཉ་ཞིག་ཏུ་གྱུར
དྭངས་གསལ་གྱི་མཚོ་ནང་ན་འཁྱུག་རྩལ་ངོམ
དེ་ནས་འབུ་སྲིན་ཞིག་ཏུ་གྱུར
རྩི་ཤིང་རྐང་གཅིག་གི་ཁོག་འདྲུ
དུས་དེ་ནི་ཚེ་སྲོག་ཆེས་ཐོག་མར་བྱུང་བའི་སྐབས་ཏེ
འཇིག་རྟེན་འདི་གྲུབ་ནས་ཀྱང
ཡུན་རིང་པོ་ཞིག་འགོར་མི་འདུག
2014.10.27

ལོ་མའི་ཟིན་ཐོ།
ཕྱོགས་བཞིར་བརྒྱངས་པའི་ལྗོན་ཤིང་ཞིག་གི་ཡལ་གར
ལོ་མ་ཁྲི་སྟོང་མང་པོ་འཛིངས་ནས་འབུས
ལོ་མ་ཁ་ཤས་ནི་ལྗང་ཁུ་དང་ཁ་ཤས་ནི་སྔོན་པོ
ཁ་ཤས་ནི་སེར་པོ་སྟེ
ལོ་མ་སྐྱ་བོ་འགའ་ལྗོན་ཤིང་གི་རྩ་བ་ན་རུལ་གྱིན་འདུག
དེ་རིང
ནུབ་རླུང་ལྡོམ་པོ་ཞིག་གློ་བུར་དུ་འཚུབ་སྟེ་ལྡང་བས
ལོ་མ་དག་གཡོས་ཤིང་སྒུལ་ལ
ལོ་མ་སེར་པོ་ཞིག་ཨེན་ཙམ་མིན་ན་སར་ལྷུང་སོང
སྣང་བ་ཞིག་ལ
སྐབས་དེར་སའི་གོ་ལའང་ཡོམ་ཞིང་འདར་ཏེ
གང་ཞིག་ཏུ་ཨེན་ཙམ་མིན་ན་ལྷུང་སོང་ལ
ང་ཡང་ཡོམ་ཞིང་འདར་ཏེ
ཨེན་ཙམ་མིན་ན་སར་འགྱེལ་སོང
2014.10.22

གཡང་ཊིའི་གཟི་ཆུང་།
སྐྱེས་པ་ཞིག་གིས་གཡང་ཊིའི་གཟི་ཆུང་ཞིག
ཡིད་འོང་གི་བུ་མོ་ཞིག་ལ་བྱིན་སོང
ཁོ་གཉིས་ཧ་ཅང་མཛའ་ཞིང་མཐུན་ཏེ
སྐབས་རེར་དགའ་ཞིང་སྤྲོ་ལ
ལན་རེར་ཕན་ཚུན་ལ་འཁྱུད་ཅིང་བསྔས
དེའི་རྗེས་ཀྱི་གཏམ་རྒྱུད
ངས་ཅི་ཡང་མ་ཤེས
ཡིད་འོང་གི་བུ་མོ་དེས་གཡང་ཊིའི་གཟི་ཆུང་དེ
སྐྱེས་པ་གཞན་ཞིག་ལ་བྱིན་སོང
ཁོ་གཉིས་ཧ་ཅང་མཛའ་ཞིང་མཐུན་ཏེ
སྐབས་རེར་འཛུམ་ཞིང་དགོད་ལ
ལན་རེར་རྩེ་དགའ་ལ་ཅི་དགར་རོལ
དེའི་རྗེས་ཀྱི་གཏམ་རྒྱུད
ངས་ཅི་ཡང་མ་ཤེས
སྐྱེས་པ་དེས་གཡང་ཊའི་གཟི་ཆུང་དེ
ཡིད་འོང་གི་བུ་མོ་གཞན་ཞིག་ལ་བྱིན་སོང
ཁོ་གཉིས་ཧ་ཅང་མཛའ་ཞིང་མཐུན་ཏེ
སྐབས་རེར་བརྩེ་ཞིང་དུངས་ལ
ལན་རེར་སྙིང་གཏམ་གྱིས་ཀུན་ནས་བཟི
དེའི་རྗེས་ཀྱི་གཏམ་རྒྱུད
ངས་ཅི་ཡང་མ་ཤེས
ཡིད་འོང་གི་བུ་མོ་དེས་གཡང་ཊའི་གཟི་ཆུང་དེ
སྐྱེས་པ་གཞན་ཞིག་ལ་བྱིན་སོང
… …
2014.10.3
ཚེར་མའི་མེ་ཏོག
___ ཁྲི་སེམས་དཔའི་སྙན་ངག(མེ་ཏོག་གི་གསང་བ)ཞེས་པའི་རྗེས་མཐུན་རྟོག་ཚོར།
མེ་ཏོག་དེའི་མདོག་ནི་དམར་སེར་ཞིག་རེད
དེ་ནི་པད་མ་མིན་ལ
ཨུཏྤལ་དང་ཀུ་མུད་ཀྱང་གཏན་ནས་མིན
མེ་ཏོག་དེ་ཚ་བ་ལ་ཧ་ཅང་ཞེད
གྲང་ངར་ལའང་ཤིན་ཏུ་སྐྲག
བལྟས་ཚོད་ཀྱིས
དེ་ནི་དྲོད་ཁང་གི་མེ་ཏོག་དང་འདྲ་བོ་འདུག
མེ་ཏོག་དེ་མིག་ལ་ལྷག་ཏུ་མཛེས་ཀྱང
དེ་ལ་རེག་མི་ཐུབ་སྟེ
དེ་ནི་མ་གཞི་ནས་ཚེར་མའི་མེ་ཏོག་ཅིག་གོ
དྲི་བསུང་རླུང་གིས་འཁྱེར
ནམ་ཟླ་སྟོན་ལ་ཉེ
སྐབས་འདིར
མེ་ཏོག་ཇེ་ཡག་ནས་ཇེ་ཡག་རེད
ཚེར་མ་ཇེ་རྣོ་ནས་ཇེ་རྣོ་རེད
མེ་ཏོག་དེའི་མདུན་ནས
ང་རང་ཅི་བྱ་གཏོལ་མེད་དུ་གྱུར
མེ་ཏོག་སྟེང་གི་ཟིལ་བ་དེ
གློ་བུར་དུ་མར་ལྷུང་སོང
2014.5.6ལ།

ལྷ་སའི་ཟླ་བ།
ཞོགས་པ་སྔ་མོར
ངས་ནི་ཁ་ལག་བཀྲུ་སྙམ་དུས
དཔེ་སྒྲོམ་གྱི་བར་དུ་ཉར་བའི་ལོ་མ་སེར་བོ་དེ
ཆུ་སྣོད་དུ་ལྷུང་འདུག་ཅིང
ཆུ་ངོས་ན དལ་བུར་གཡེང་ཞིང་སྐྱོད
ལག་པ་ཆུ་ནང་དུ་བསྲིངས་ཏེ
ལོ་མ་སེར་བོ་དེ་ལེན་པའི་ཚེ་ན
མཐོང་ལམ་ནས
ལོ་མ་སེར་བོ་དེ་ཀོ་གྲུ་ཞིག་ཏུ་གྱུར་ཅིང
ང་ནི་ལྷ་སའི་གཙང་བོའི་འགྲམ་དུ་འགྲེང་ནས་འདུག
ཡུན་རིང་ཞིག་ལ
ང་ཡང་གནའ་སྔ་མོའི་ཀོ་གྲུ་དེ་དང་འདྲ་བར
དྲན་པའི་གཙང་བོར་གཡེང
ཀོ་གྲུས་རླུང་ངོགས་ནས་རྦ་རླབས་གཤགས་ཏེ
གཙང་བོའི་ཕ་མཐར་སྐྱོད་ཅིང
ཉ་གང་ལ་ཉེ་བའི་ནམ་མཁའི་ཟླ་བའང
གློ་བུར་དུ
ཤིང་གྲུ་ཆུང་ཆུང་ཞིག་ཏུ་གྱུར་ནས
མཚན་མོའི་གཙང་བོའི་ཕ་མཐར་བཞུད་སོང
2014.11.13
འཚོ་བ་ནི་རི་མོ་ཞིག་གོ།
འཚོ་བ་ནི་རི་མོ་ཞིག་སྟེ
མི་རེ་རེར་སྐྱ་ཐིག་རེ་དང་ཚོན་མདངས་རེ་ཡོད
སྐྱ་ཐིག་ཇི་ལྟར་བྲི་རྒྱུ་དང
ཚོན་མདངས་གང་ཞིག་བྱུག་རྒྱུ་ནི་རང་རང་ལ་རག་ལས་ཏེ
རིགས་མི་གཅིག་པའི་སྐྱ་ཐིག་སྟེང
ཁ་དོག་གཅིག་བྱུགས་ཆོག་ལ
ཁ་དོག་མང་པོ་ཞིག་བྱུགས་ཀྱང་ཆོག
ཡིན་ནའང མི་མང་པོས
རིགས་གཅིག་པའི་སྐྱ་ཐིག་ཅིག་གི་སྟེང་དུ
ཁ་དོག་ནག་པོ་བྱུགས་ཤིང
དེའི་སྟེང་དུ་ཁ་དོག་དམར་པོ་འབྱུག་བཞིན་འདུག་སྟེ
དེ་ནི་དེ་རིང་གི་འཚོ་བའོ
དེ་རིང ངས་ནི་ཤོག་བུ་དཀར་པོ་ཞིག་གི་སྟེང་དུ
སྐྱ་ཐིག་གསལ་བོ་ཞིག་བྲིས་ཤིང
དེའི་སྟེང་དུ་ཁ་དོག་སྔོན་པོ་ཞིག་བྱུགས་ཏེ
ཚོན་སྣ་གཞན་ཞིག་སྡེབ་དུས
མ་བསམས་ས་ནས
ཚོན་དམར་པོའི་ཐིགས་པ་ཞིག་ཤོག་ངོར་ལྷུང་ཞིང
དེ་རིམ་བཞིན་ཇེ་ཆེར་གྱུར་ཏེ
ཁ་དོག་སྔོན་པོ་དེ་ཡོངས་སུ་ཟོས་སོང
2014.11.14
རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།