
འབྲུག་སྤ་གྲོ་སྐྱིད་ཆུ་ལྷ་ཁང་གི་སྒོ་འགྲམ་ནས།
___མཐའ་འདུལ་ཡང་འདུལ་གྱི་སྐྱིད་ཆུ་ལྷ་ཁང་ལ་མཇལ་བ།
ཉི་འོད་ལ་འཁང་ར་མ་བྱས།
གྲིབ་རིས་གོན་པའི་སྒོ་དང་སྒེའུ་ཁུང་།
ནམ་ཡང་གཡོ་མེད་དུ་ཡུན་རིང་ལུས།
རླུང་གི་རྒྱུ་ཕྱོགས་སུ།
མཇལ་འདོད་པའི་ཁྱེད་ཉིད་གཡོ་ཞིང་།
དྲན་པའི་མིང་དེ་བཟློས་ཙམ་གྱིས།
ང་འཆི་བདག་གིས་མནར་པ་ལྟར།
སྒོ་འགྲམ་དེར་བརྒལ་མ་ཐུབ།
དྲན་པ་ནི་གླུ་ཡིན་ན།
གདུང་བ་ནི་གར་ཡིན་ན།
མནའ་ཚིག་ཅིག་སེམས་ནས་བཞེས་པའི་ན་ནིང་།
སོ་སོར་དབང་བའི་ལམ་ཞིག་བརྒྱུད།
སྲིན་མོར་གྲགས་པའི་འཇིག་རྟེན་ལ་མ་སླེབས།
མཐའ་མའི་ལས་ཀྱི་ཚབ་ཏུ།
སྨོན་ལམ་ཞིག་ཕྲེང་ལྟར་བརྒྱུས།
ས་མཚམས་དང་ཆུ་མཚམས་བར་ནས།
ངས་དྲན་པ་ནི་ན་ནིང་ཡིན་ལ།
ངས་མཐོང་བ་ནི་དེ་རིང་སྟེ།
ཕྱི་དང་ནང་དུ་བཟུང་ནས།
ལམ་ནི་ལས་ཤིག་ལས་ལྟུང་པའམ།
གོམ་སྟབས་ཤིག་གནས་འདི་ནས་རྒྱང་རིང་ལ་བསྒྱུར་ཙམ།
དྲིལ་བུ་དེ་རླུང་གིས་དཀྲོགས་སྐབས།
མར་མེ་དེ་བར་ཆད་ཀྱིས་སྦར་ན།
ནམ་ཡང་ལྷ་ས་དང་བྲལ་བའི་ཇོ་བོ།
ངའི་མིག་ལ་མངའ་སྙམ།
ང་སྒོ་འགྲམ་དེར་བསྐྱུར་ནས།
སྒོ་དང་སྒེའུ་ཁུང་སོགས་ཁེན་པའི་གཏམ་རྒྱུད་སོགས་བཏུས།
ཕུང་བོ་རེ་རེས་ལན་མང་མནན་འོང་།
ཕྱི་ནི་བར་ཐག
ནང་ནི་བར་ཐག
ཕྱི་དང་ནང་གི་བར་ཐག་ཁྲོད་ནས།
དྲན་པའི་མིང་དེ་མ་རྙེད་ལ།
ཐོབ་པའི་དྲན་གདུང་འདི་ཁུར་ནས།
སྒོ་འགྲམ་དེར་བརྒལ་མ་ཐུབ།
2013’11’8–10འབྲུག་ཡུལ་སྤ་གྲོ་རུ།

འབྲོག་ཕྲུག་མ།
རྟོགས་སྒྲུང་འདྲ་བའི་འཇིག་རྟེན།
ནམ་ཡང ནམ་ཡང་དྲན་པས།
འཛུམ་མདངས་དེ་མིག་ཆུས་བཅུམས་ལ།
མིག་ཆུ་དེ་འཛུམ་མདངས་ལ་བཅོལ་ཡང་།
ས་སྲོད་རེ་རེ་ནི།
རེ་ཞིག་རི་མོ་ལྟ་བུར་གྱུར།
ནམ་ཡང་ངུས་མ་མྱོང་བའི་ལྷ་སྐུ་དེ་ཚོ།
འོད་ངོགས་སུ་ཐེངས་གཅིག་ཕེབས་ཚེ།
མུན་ནག་དང་མུན་ནག
ལོ་ཟླ་འདིའི་ཕ་རོལ་ལ་དཀྲིས།
གསོལ་འདེབས་འདེང་ཚད་ཅིག་མེད་དུས།
ངུ་བསམ་བསམ་གྱི་ལས་དབང་།
ལག་པ་ཆུང་ཆུང་དུ་ཐོགས་པའི་མར་མེ་ལ་འཁྲུལ་བཞིན།
གོམ་པ་གཅིག
ཤར་ནུབ་གང་རུང་ལ་སྤོ།
ཨོ དྲན་མྱོང་བའི་འཇིག་རྟེན།
ཨོ དྲན་མ་མྱོང་བའི་མི་ཚེ།
ཉན་བཞིན་པའི་ཡུལ་གྱར་བའི་གཏམ་རྒྱུད་དུ།
ཆེས་མཐའ་མའི་རྩྭ་ཐང་དུ།
སུ་ཞིག་གཅེར་བུར་ཉལ་འདོད།
འགྱུར་ཁུགས་དྭངས་པའི་ལ་གཞས་ཐར་ཐོར།
བྲག་ཆ་དང་བསྡོངས་ན།
ངའི་རྣམ་ཤེས་བྱེའུ་བཞིན་དཀྲོགས་ནས།
ཁྱེད་ཀྱིས་འཐུ་བཞིན་པའི་རྨི་ལམ་ལ་འཐིམས་སྐབས།
ཁྱེད་ཀྱིས་ང་ལ་འཁང་ར་མ་བྱེད།
“ སྒྲུང་བཤད་ན་ཐག་རིང་།
སྒྲུང་དྲན་ན་སྒྲུང་དུ་ཁྱོད་ཉིད་སླེབས་པས།”
ཆེས་མཐའ་མའི་རྩྭ་ཐང་།
ངའི་དྲན་གདུང་དུ་ལྕི་ཞིང་།
ངས་སྙན་ངག་ཏུ་འབྲི་དུས།
ལྷམ་ཆུང་མེད་པའི་རྫི་མོ་དེ་ཁྱོད་ཡིན་ནམ།
དར་ལྕོག་བཞིན་ལྷགས་རླུང་གིས་ཟད་དུས།
ཕམ་མ་མྱོང་བའི་མིག་ཟུང་གིས།
ནང་དོན་ཟབ་པའི་ཚོར་སྣང་བྱོ་བཞིན།
གངས་རི་ནི་ཡབ་ཆེན་གྱི་བང་སོ་རུ་སྒོམ།
ངུ་འབོད་དེའི་མཇུག་ཏུ།
ནོར་ནག་གི་ཁྱུ་རྩྭ་ཐང་དུ་ཡོད་ཡོད་འདྲ་ནའང་།
གཟུགས་མེད་ཀྱི་དབུགས་ཤིག་གིས་སེམས་ཡོངས་སུ་བསྡམས་ཏེ།
བརྗོད་འདོད་པའི་སྐད་ཆ།
གློ་བུར་དུ་བརྗེད་ཀྱང་།
རྒྱང་མིག་ཏུ་ལྷུང་བའི་གྲིབ་མ་ནག་པོ།
སའི་གོ་ལའི་སྒང་ནས་བོར་ན།
ངས་མི་ཚེ་འདིར་སྒྲོལ་མ་ཉེར་གཅིག་ཚར་རེ་བཟློ་བཞིན།
སྒྲོལ་མ་གཅིག་གི་བརྩེ་དུང་སྲུང་འདོད།
ལས་དབང་ལ་ཇི་ལྟར་རྒོལ།
ལས་དབང་གིས་བཀོད་པའི་མི་ཚེ།
སྐྱོ་གདུང་ངམ་དགའ་སྤྲོ་གང་རུང་ཡིན་སྲིད།
འཇིག་རྟེན་དུ་འཇིག་རྟེན་གཞན་ཞིག་སྣང་ངོར་འཁྲུག་པ་ནས།
ཁྱོད་ནི་རྨ་ཁ་ཞིག་སྟེ།
ཐེངས་མང་བོར་གླུ་བ་ཞིག་གི་གླུ་སྐད་དུ་བརྒྱུས།
ཆེས་མཐའ་མའི་ས་སྲོད་རེ་རེར།
ཆེས་མཐའ་མའི་མར་མེ་ཐོགས་པའི་འབྲོག་ཕྲུག་མ།
སྨོན་ལམ་བརྒྱ་དང་བརྒྱད་ཀྱི་དོན་སྙིང་ནི།
སུ་དང་གྱེས་པའི་མིག་ཆུ་ཡིན།
2010’3’8–16 མཚོན་མོར་བྲིས།
ལྕང་སྡོང་གཅིག
རླུང་གིས་བཅག་ཚེ།
ཤུ་ཟེར་རམ།
ཆར་གྱིས་འཁུར་ཚེ།
ཀྱེ་ཟེར་རམ།
མིན་ཏེ ཁྱེད་ཀྱི་རྣམ་ཤེས་ལ།
སང་ཉིན་མེད་ན།
ང་སྨྲེང་ངོ་།
མིན་ཏེ ང་ཡི་མཛེས་སྡུག་ལ།
དེ་རིང་མེད་ན།
ཁྱོད་སྐྱོ་འོ།
མེ་ཡིས་གཞབ་ཚེ།
འོ་ཟེར་རམ།
ཁ་བས་གཡོག་ཚེ།
མཛེས་ཟེར་རམ།
མིན་ཏེ ང་ཡི་དུས་ཚིགས་ལ།
དབྱར་དགུན་ཡོད་ན།
ཁྱོད་སྐྱོ་འོ།
མིན་ཏེ ཁྱེད་ཀྱི་སེམས་པ་ལ།
བརྩེ་དུང་ཡོད་ན།
ང་སྨྲེང་ངོ་།
2015’11’17—19
ཉི་ནུབ།
ཁྱོད་ཀྱི་རྗེས་སུ།
ངས་རྡོག་པ་མནན་ན།
ང་མཚན་མོ་རུ་ལུས།
ཁྱོད་ཀྱི་རྗེས་སུ།
ངས་མིག་ཟུང་བགྲད་ན།
ང་མུན་ནག་གི་དཀྱིལ་ཏུ་འགྱེལ།
འབྲོ་ས་མེད་པའི་མཚན་མོར།
ངས་སུ་ཞིག་རྨི་ལམ་ཏུ་བསུ།
ཡང་གནས་ཚང་།
འདུག་ས་མེད་པའི་མུན་ནག་ཏུ།
ངས་སུ་ཞིག་ཡང་བསྐྱར་སྐྱེལ།
ཡང་ལ་ལུང་།
ཨ་ཨ འབོད་པའི་འཇིག་རྟེན་འདིར།
ཟླ་བ་གཅིག་མ་གཏོགས་མེད་དུས།
རང་སེམས་སུ་ནམ་མཁའ་གཞན་ཞིག་ག་ལ་ཡོད།
སང་གི་ཉི་ཤར།
ངས་གླེང་འོས།
ང་ལ་དབུགས་མི་འདུག
གླུ་ཡི་ཉི་ཤར།
ངས་དྲན་འོས།
ང་ལ་ཉིན་མོ་མི་འདུག
སྟོང་སྟོང་གི་མཚན་མོར།
ང་ལ་མུན་ནག་བྱོ་པས།
ང་ནམ་ཡང་མུན་ནག་ལ་སྐྲག
2015’11’18–19

ཅི་ཡང་མི་དྲན་དུས།
ཅི་ཡང་མི་དྲན་དུས།
ཆུ་སྒྲར་ཉན།
ཆུ་སྒྲ་ནི་རྒྱང་རིང་ཞིག
ཅི་ཡང་མི་དྲན་དུས།
མུན་ནག་ལ་འཐམས།
མུན་ནག་ནི་མཆེ་གཙིགས་ཤིག
ཅི་ཡང་མི་དྲན་དུས།
མར་མེ་སྒྲོན
མར་མེ་ནི་འོད་ཐིགས་ཤིག
ཅི་ཡང་མི་དྲན་དུས།
མཐོང་མ་མྱོང་བའི་བུ་མོ་ཞིག་བཙལ
བུ་མོ་ནི་ཤི་རོ་ཞིག
ཅི་ཡང་མི་དྲན་དུས།
བཟི་སོང་ན་བསམ།
ཨ་རག་ནི་ཁྲོམ་ན་མི་འདུག
2015’11’20
ཡུར་མ་ཡུར་བའི་བུ་མོ།
བྱེའུ་གྲོགས་མེད་ཅིག
གང་ནས་འཕུར་འོང་།
ཉི་མ་བདག་མེད་ཅིག
གང་ནས་ཤར།
དྲན་ཚོད་ཀྱིས་མགོ་བོ་དགྱེས་དུས།
བསིལ་རླུང་ཁྲོད་ན་ཁྱོད་འདར།
མཐོང་ཚོད་ཀྱིས་རྒྱང་མིག་བསྲིངས་དུས།
ཕ་གའི་ཉག་ཀ་རུ་ཁྱོད་སླེབས།
ཁྱོད་ཀྱི་མགོ་དཀྲིས་བརྗེས་མེད་ན།
ད་དུང་གློ་དམར།
ཁྱོད་ཀྱི་ཕྱུ་བ་རྙིང་མེད་ན།
ད་དུང་ལྗང་ཁུ།
ཁྱོད་ཀྱི་སྐེད་རགས་བཀྲོལ་མེད་ན།
ད་དུང་དམར་པོ།
ཁྱོད་ཀྱི་ལྷམ་ཆུང་ཟད་མེད་ན།
ད་དུང་ནག་པོ།
བརྗེད་རྒྱུ་མེད་པའི་ཞིང་ཚིགས།
ནར་མོ་མིན་ནམ།
མེ་ཏོག་དཀར་པོ་དམར་པོ།
མེ་ཏོག་ཁྲོད་ཀྱི་སྦྲང་མས།
གླུ་ངག་སུ་ལ་བཀྲོལ།
བོར་རྒྱུ་མེད་པའི་ཞིང་ཁ།
གྲུ་བཞི་མིན་ནམ།
གྲོ་ནས་ལྗང་གུ་སེར་པོ།
གྲོ་ནས་གསེབ་ཀྱི་ཕྱེ་ལེབ་ཀྱིས།
གཤོག་ཟུང་སུ་ལ་བརྐྱངས།
སྟོང་རྒྱུ་མེད་པའི་གཡང་ཁྱིམ།
ཟླུམ་པོ་མིན་ནམ།
ཕ་མ་མིང་སྲིང་།
ཕ་མའི་པང་གི་ཁྱོད་ཀྱིས།
བརྩེ་དུང་སུ་ལ་བསྒྲིགས།
གོམ་པ་རེ་ན།
ཨ་མྱེས་གཏམ་རྒྱུད་རེ།
ཕྱི་མིག་རེ་ན།
ཉི་འོད་ཀྱི་གནམ་འོག་རེ།
གླུ་གཞས་རེ་ན།
སྐལ་བའི་ཕ་གཞིས་རེ།
དུང་སེམས་རེ་ཡིས།
གང་སར་མཛེས་སྡུག་མེར་སྙམ།
རྔུལ་ཆུའི་ངོ་གདོང་དང་།
རྩྭ་ལྡུམ་གྱི་ལག་ཟུང་བཅས།
ངས་ཇི་ལྟར་ཡིག་གཟུགས་སུ་ཕབ།
*སྙན་ངག་མ་གཅན་མེ་ཏོག་གི་ཁ་བྱང་གཡར།

གལ་སྲིད་ཁུ་སིམ་སིམ་གྱི་མཚན་མོ་ཡོད་ན།
– འདས་ཟིན་པའི་ཕ་རིན་སའི་སྙན་ངག་པ་རན་བྷོ་བྲིར་གླེང་བ།
ཆང་ཁང་དམར་པོ།
མཁའ་དབྱིངས་ན་ཚེས་རིས་མེད།
ཁ་བ་ཟམ་ཟིམ།
འཇིག་རྟེན་ན་མེ་ཏོག་མེད།
སྙན་ངག་གྱ་གྱུ།
དུར་ཁྲོད་ན་མཛའ་མོ་མེད།
རྨི་ལམ་ནི་གཤོག་པ་རུ་ནོར།
མཚན་མོ་ནི་ལྷ་ཡུལ་ལ་འཁྲུལ།
མི་ནི་གང་ཞིག་ལ་བཀོད།
སྤྱང་ཀི་ཞིག
མཆུ་རུ་ཁྲག་འཛར།
དུག་སྦྲུལ་ཞིག
མིག་ན་མེ་འབར།
བརྩེ་དུང་ནི་སྐྱུར་ཁ་རུ་བྲིས།
སང་ཉིན་ནི་མངར་ཁ་རུ་བསྲེས།
འཕྲད་པའི་འཇིག་རྟེན་གྱིས།
ཁྱེད་ནི་སྐྱེལ་མ་མིན་སོང་།
ཁྱེད་ཀྱིས་དྲན་གདུང་བཏབ་པ་ནས།
གཏན་དུ་ཕྱིར་མ་ལོག
རྨི་ལམ་སྔོན་པོ།
དེའི་ཁྲོད་ཀྱི་བྱེ་ཐང་།
ཀུ་ཤུ་དམར་པོ།
དེའི་གསེབ་ཀྱི་ཞིམ་མངར།
གང་ལྟར ལས་དབང་ལ་སྡང་ན།
མི་ཚེར་སུན་དགོས་པ།
ཚེ་སྲོག་འདོར་དགོས་པ།
ངས་གཞི་ནས་ཚོར།
བཤད་རྒྱན་ཞིག་གིས།
གལ་སྲིད་ཁུ་སིམ་སིམ་གྱི་མཚན་མོ་ཡོད་ན་ཅེས།
སྨག་རུམ་གྱི་ཞིང་ལ་འཁྱམས་ཀྱང་།
སྨག་རུམ་གྱིས་གནངས་པའི་ལས་སྐལ།
ཚོར་བ་ཡལ་བའི་སྐབས་ཤིག་མིན་ན།
ངས་ག་དུས་གླེང་དགོས།
2015’11’26—30
སེམས་ཀྱི་ཕ་རོལ།
ཁྱེད་ཀྱི་ཁ་བ།
ངའི་ཉིན་མོར་བབས།
ཁྱེད་ཀྱི་ཆར་བ།
ངའི་མཚན་མོར་བབས།
ཁ་བ ཆར་བ།
ངས་མགོ་བོ་བྲང་ཁར་སྨད་ནས།
རྟོག་བཟོའི་འཇིག་རྟེན་ཞིག
ཡང་བསྐྱར་འཁྲེང་མ་ཕོད་ལ།
དེ་རུ་ཉི་འོད་དང་ཟླ་འོད་འཚེར་བ།
སུ་ལའང་འདྲི་མ་ཕོད།
ཉི་མའི་ཕྱི་མིག
མཚན་མོ་ཡིན་ནམ།
ཟླ་བའི་རྒྱང་ལྟ།
ཉིན་མོ་ཡིན་ནམ།
དྲན་ཚོད་བཤད་ན།
སྨྱོས་པ་འདྲ།
མཐོང་ཚོད་གླེང་ན།
སྤྲང་བོ་འདྲ།
འདྲ་འདྲའི་མི་ཚེ།
མི་འདྲ་བའི་ཐོབ་ཤོར།
དོན་སྙིང་ཡོད་མེད།
ཡང་བསྐྱར་ས་མཐའ་ཞིག
ཁྱེད་ཀྱི་ཆར་བ།
ངའི་མཚན་མོར་བབས།
ཁྱེད་ཀྱི་ཁ་བ།
ངའི་ཉིན་མོར་བབས།
ཆར་བ ཁ་བ།
རྨི་ལམ་ན་གབ་ས་མི་འདུག
མི་ཡུལ་ན་ལམ་བུ་མི་འདུག
ངས་མིག་ཟུང་རང་ལ་ཅེར་པ་ལས།
འཕྲུལ་སྣང་གི་སྦྲ་ནག་ཅིག
ཡང་བསྐྱར་བཙལ་མ་ཕོད་ལ།
དེ་རུ་ཉི་འོད་དང་ཟླ་འོད་ཆག་ཀྲུམ་བྱུང་བ།
སུ་ལའང་གླེང་མ་ཕོད།
2015’12’9—13ཨ་དཀར་གཞིས་ཀ་རུ།
སོང་མྱོང་བའི་མཚན་མོ། མ་སླེབས་པའི་མཚན་མོ།
སོང་མྱོང་བའི་མཚན་མོ།
མ་སླེབས་པའི་མཚན་མོ།
ཟླ་བའི་གཏམ་རྒྱུད་ཀྱིས།
ང་ལ་འཇིག་རྟེན་ཡོད་དམ།
མངགས་བཅོལ་མྱངས་ནས་ལང་ཚོ་ཟད།
ང་ལ་རྨི་ལམ་ཡོད་དམ།
ང་ལ་གང་ཡང་མེད་སྙམ་ནས།
ངས་སུ་བརྗེད་ཟིན།
ངས་སུ་བོར་ཟིན།
མཚན་མོ་ནི་ཐག་རིང་ཞིག
དེ་རུ་སུ་ངུ་བཞིན་ཡོད།
རྒྱལ་རྒྱུད་ཉམས་པ་ལྟར།
བང་སོ་བཙལ་པ་ལྟར།
ཡབ་གཞིས་ཐོར་པ་ལྟར།
གཞིས་ཀ་སྟོང་བ་ལྟར།
མིན་མིན ངས་རང་ཉིད་ལོ་རྒྱུས་ལ་རློམ་ནས།
ང་ནི་ཁྲག་མིན་པ་ཚོར།
ང་ནི་མི་ཞིག་གི་སྐྱེ་བ་ལས།
མཆི་མ་དཔྱངས་ཚུལ།
སྦས་མེད་ལ་གསང་མེད།
ང་ལ་སང་ཉིན་ག་ཚོད་ཡོད།
མཚན་མོའི་པང་དུ་འགྱེལ་བའི་ངས།
ཟླ་བ་མ་མཐོང་།
ཟླ་བ་ནི་ཕ་རོལ་ཞིག
སེམས་པ་ནི་རབ་རིབ་ཅིག
ངས་མུན་ནག་ལ་རང་ཉིད་བཅོལ་ཆོག་པར་ཞུ།
སོང་མྱོང་བའི་མཚན་མོ།
མ་སླེབས་པའི་མཚན་མོ།
2015’12’11–17

མི་ཤེས། མི་ཤེས། མི་ཤེས།
རི་འགོའི་ཁ་བ་ནམ་བཞུ་མི་ཤེས།
ཡུལ་ལ་ནམ་ལོག་མི་ཤེས།
མི་ཤེས་པའི་སུམ་མདོ་ནས།
ཉི་འོད་ལ་སྒུག་ན།
རླུང་ལྡང་།
བྱེའུ་སྐད་ལ་ཉན་ན།
ཁྱི་སྐད་གོ
བསུ་མའི་ཁྱོད།
བཞུད་ཆོག་པ་མི་ཤེས།
སྐྱེལ་མའི་ང་།
ཡོང་ཆོག་པ་མི་ཤེས།
མི་ཤེས་པའི་བར་ཐག
ཐག་ཉེ་ནས་ཐག་རིང་།
ཅི་ཡང་མེད་དུས།
གང་ཞིག་ལ་སྨོན་ཡང་།
མི་ཤེས་པའི་ང་ཞིག
བསུ་མའི་ཁྱོད།
བཞུད་ཆོག་པ་མི་ཤེས།
སྐྱེལ་མའི་ང་།
ཡོང་ཆོག་པ་མི་ཤེས།
མི་ཤེས་པའི་བར་ཐག
ཐག་ཉེ་ནས་ཐག་རིང་།
ཅི་ཡང་མེད་དུས།
གང་ཞིག་ལ་སྨོན་ཡང་།
མི་ཤེས་པའི་ང་ཞིག
མི་ཤེས་པའི་ཁྱོད་ཅིག
འཇིག་རྟེན་གྱི་དཀར་ཐིགས་དང་ནག་ཐིགས།
རི་འགོའི་ཁ་བ།
མ་མཐོང་ན་བསམ།
རི་འདབས་ཀྱི་ང་།
མ་བོར་ན་སྙམ།
མི་ཤེས་པའི་བུ་ལོན་ཞིག་གིས།
མི་ཤེས་པའི་ང་།
མི་ཤེས་པའི་ཁྱོད།
ཡུལ་ལ་ནམ་ལོག་མི་ཤེས།
2015’12’17-19ལྡེ་ར་ལྡུན་ནས་ལྡི་ལི་བར།
( རྩོམ་དབང་འདི་གར་ཡོད་པས་གང་འདོད་དུ་བསྐྱར་བཤུས་བརྒྱབ་མི་ཆོག )