རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་ངག་གསར་བ།

273

QQ图片20151129221907.jpg

          འཆི་བ།

    
     རྨི་ལམ་འདེད་པའི་གཙང་བོ
     དུས་ཚོད་ཆག་པའི་སིལ་སྒྲ
     མཐའ་མཇུག་གི་འཚོ་བ
     སེར་པོ
     དམར་པོ
     ནག་པོ
     ཡང་སྙིང་མཁར་གྱང་གང་ཞིག་ན
     ཆུ་ཡི་བཤེར་ལམ་དུ་འཛུལ
     ཟླ་འོད་ཀྱི་ཐག་པ
     ལྷ་ཡི་ལམ་དུ་དཔྱངས་དུས
     ལམ་གཉིས་ན
     མི་ཕོ་གཉིས
     ཆུ་ཡི་ཟིལ་བ་ཞིག་ཏུ་གྱུར་ནས
     རིམ་གྱིས
     ཐེམ་སྐས་རྙིང་སོང་ཞིག་བརྒལ་ཚེ
     མེ་ལོང་དུ་ཤར་མྱོང་བའི་མི་དེ
     ངོ་གདོང་ཕྱེད་ཀ་རུ་གྱུར་ནས
     འོད་ལ་ཐིམ

QQ图片20151129220535.jpg

            ནགས་ཚལ།

    
      ཁྱེད་ཅག་ནི
     བཀྲེས་པའི་ནགས་ཚལ་ཞིག
    ལོ་མ་ཐོར་ཅིང
     བྱེའུ་འཕུར
     གཅན་གཟན་གྱི་ཚོགས
     གཤོག་པ་མེད་པར
     བར་སྣང་ལ་རྒྱུ
     བར་སྣང
     ནགས་ཚལ་དང་ལྷན་དུ་གཡོ
     ལྗོན་པའི་ཚོགས
     སྐམ་ཧྲུལ་ཧྲུལ
     སྐར་མ་ཤི་བོ་དག་དང་འདྲ
     དབྱར་ཁ་བོར་སོང
     ལྗང་མདོག་བོར་སོང
     ཅི་ཞིག་གི་མཐའ་མར
     བཀྲེས་སྐོམ་གྱི་ནགས་ཚལ
     གདུང་བས་མནར
     དབུགས་ཧལ་ཧལ་ངང
     གཉེན་མི་དང་བྲལ་དུས
     ལྗོན་པ་རེ་གཉིས
     ངུ་བའི་སྒྲ
     མཚན་མོ་འང་ཐོས  

QQ图片20151129221123.jpg

              ཐེ་ཚོམ

    
     ཆུ་བོ་དེའི་འགྲམ་ནས
     ཤང་ཤང་གི་སྒྲ་ལ་ཉན་ནས
     སྐྱབས་འཇུག་ཞུ་བཞིན་སྡོད་སྐབས
     རྐང་འཇབ་ལག་འཇབ་ཀྱིས
     བྲོས་སོང་བའི
     རི་ལུང་དེ་ཕྱིར་འོང་ངམ

     ལུས་པོ་ངལ་ནས
     རྔུལ་ཆུ་འབྱིད་བཞིན
     ཁང་བརྩེགས་ཀྱི་འགྱིང་མཉམ་ཁྲོད
     འོ་ཇ་འཐུང་སའི
     རས་གུར་དབུབ་སའི
     རྩྭ་ཐང་སྡོང་ལོ་ཙམ་ཞིག
     བསྐྱར་དུ་འཚོལ་དུས
     དུས་ཚོད་དེ
     རྨི་ལམ་དུ་འགྱུར་རམ 

 

 རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།