སེར་ལེགས་འཕྲིན་གྱི་བཅད་རྩོམ་རིང་མོ་འཁོར་བའི་སྙན་ངག (སྔ་དུམ།)

332

2.pic_hd.jpg

          ༡ སེམས་ཀྱི་ཕ་ཡུལ་མཐོང་བ།


བྱམས་པའི་མེ་ཏོག་འཛུམ་པའི་རྟེན་སྐུ་ཡི་གདོང་ལ།།

སྒེག་ལྡན་ཚིག་གི་རོལ་མོའི་མཆོད་པ་རང་བསྒྲིགས་ཏེ།།

དབྱངས་ཀྱི་འཚོ་བ་བསྐྲུན་པའི་ཤེས་རབ་ཀྱི་ཁྱེའུ། །

སྲིད་པའི་བཙོན་ལས་སྒྲོལ་བའི་རྒྱང་གླུ་རང་འཐེན་ནོ།།

སྦྱོར་ངན་གྲིབ་མས་མི་ཁོག་ཉི་འོད་ཀྱི་རོལ་རྩེད།།

རྐྱེན་ངན་རླུང་བུས་མི་འཇིག་དུས་གསུམ་གྱི་དར་ཆ།།

ལྟ་ངན་གླུ་ཡིས་མི་ཁེབས་སྣང་སྟོང་གི་རྨི་ལམ།།

སེམས་ཀྱི་ཕ་ཡུལ་འཚོལ་བའི་བར་སྣང་ལ་ཆས་སོང་།།

སེམས་པའི་རྒྱུད་མངས་འདྲེན་པའི་མཁའ་སྤྱོད་ཀྱི་གླུ་དབྱངས།།

ལུས་ཀྱི་གུར་ཁང་གསལ་བའི་འཇའ་འོད་ལ་ཐིམས་ནས།།

འདི་ཕྱིའི་ལོངས་སྤྱོད་བདོག་པའི་སྨུག་སྤྲིན་གྱི་དཀྱིལ་འཁོར།།

ཁྲག་དང་རྡུལ་གྱིས་གྲུབ་པའི་འཇིག་རྟེན་ནས་གནང་བྱུང་།།

རྡོ་དང་སྲོག་གིས་དྲུབས་པའི་གདོད་མ་ཡི་མཁར་གྱང་།།

ཉི་ཟླའི་འཁོར་ལམ་གསལ་བའི་མཛེས་སྡུག་ལ་བསྟན་ནས།།

རིགས་དྲུག་དུས་ཀྱིས་དངངས་པའི་ཆོ་ངེ་འདིའི་མཐའ་ན།།

མ་དག་སེམས་ཀྱི་འཁོར་ཚོགས་མང་ཙམ་ཞིག་འདུག་གོ།།

སྒྱུ་མའི་གར་ལ་མཁས་པའི་རང་བྱུང་གི་རྒྱལ་མོ།།

སེམས་ཀྱི་རང་ངོ་འཕྲོད་པའི་མཛའ་གྲོགས་སུ་བཀུག་སྟེ།།

རིག་པའི་ཆུ་རིས་གཏིབས་པའི་མཁའ་དབྱིངས་སུ་ཆས་ཚེ།།

ལས་ཀྱི་གཙང་བོར་གཏོགས་པའི་ཕ་ཡུལ་དེ་མཐོང་བྱུང་།།

འཆི་བའི་སྡུག་བསྔལ་སྒོམ་པའི་སྒྲུབ་ཁང་གི་ཕུགས་ནས།།

འཁོར་བའི་ཕུན་ཚོགས་མཚོན་པའི་ལྷ་མོ་ཞིག་བཞེངས་ཏེ།།

ཕྱི་མའི་ཐང་ཆེན་མཐོང་བའི་བློ་བཀོད་དག་བཤམས་ཚེ།།

སྙིང་རྗེའི་སྤྱན་ཆབ་བསིལ་བ་ཉམ་ཆུང་གི་དངོས་གྲུབ།།

འདི་ཕྱིའི་ལྕགས་རིས་བསྐོར་བའི་གར་སྟེགས་ཀྱི་སྟེང་དུ།།

སྐྱེ་འཆིའི་འགྱུར་བ་མཚོན་པའི་རིག་རྩལ་གྱི་དགོང་ཚོགས།།

གདུང་བའི་མུན་པ་མཐུག་པའི་སྒེའུ་ཁུང་ལས་མཐོང་བ།།

ཁེར་རྐྱང་ང་ལ་ཕབ་པའི་བརྙས་བཅོས་ཤིག་རེད་ཨང་།།

འགྲོ་བའི་དཔྱ་ཁྲལ་བསྡུ་བའི་འཆི་བདག་གི་ཁྱིམ་ནས།།

གླ་བ་རང་གིས་རྙེད་པའི་བདེ་སྡུག་གི་རི་མོ།།

དབྱངས་མཁན་ཁུ་བྱུག་སྔོན་མོའི་མགྲིན་རྩལ་ལ་བཅོལ་ཏེ།།

སྲིད་པའི་གཡང་ལ་བཏགས་པའི་གྲོགས་མོ་ཚོར་སྐུར་ཡོད།།

དབྱངས་གསལ་སོ་བཞིས་བསླེས་པའི་འཇའ་ཚོན་གྱི་ལམ་བུ།།

མཐོ་བ་གདོད་མའི་ཁྱིམ་ནས་མངོན་ཆུང་གིས་ལངས་ཏེ།།

འོད་གསལ་རིག་པའི་མཁའ་ལ་མཇལ་དར་དུ་གཏད་པར།།

མ་དག་ཚེར་མའི་ལུས་འདི་དོན་ལྡན་ཞིག་སྣང་ངོ།།

སྨུག་པའི་བ་དན་ཆགས་པའི་ཕ་ཡུལ་གྱི་རི་ལུང་།།

ལུས་ཀྱི་བདེ་བ་རྙེད་པའི་བདག་སེམས་ཀྱི་འབྲོག་ལྗོངས།།

འཁོར་བའི་སྡུག་བསྔལ་བརྗེད་པའི་ན་ཆུང་གི་རོལ་བ།།

གར་གྱི་འགྱུར་བ་མཚོན་པའི་རྩེད་འཇོ་རུ་གསལ་བ།།

མཁའ་ཡི་དགུ་ཚིགས་ཆད་པའི་སྐྱ་རེངས་ཀྱི་ངོགས་ནས།།

ཉི་མ་སེར་བོས་སྣང་བའི་གཞས་ཆུང་དེ་སྙན་པ།།

སེམས་ཀྱི་ཕ་ཡུལ་རྙེད་པའི་ཞི་འཇགས་ཀྱི་ཁམས་ནས།།

ལུས་ཀྱི་ཕྱག་བརྒྱ་བསྟར་བའི་བཀོད་པ་འདི་མཛེས་པ།།

སྒྱུ་མའི་གླིང་བུ་འདོད་པའི་རི་དྭགས་ཀྱི་གྲས་ནས།།

འཁྲུལ་བའི་རང་མཚང་རྟོགས་པའི་འཇིགས་སྐྲག་ཅིག་རྟོགས་ནས།།

མཚན་མོའི་ཁ་དུག་ཚ་བའི་འཇིག་རྟེན་ནས་བྲོས་པས།།

བདེན་པའི་ཉི་འོད་སྣང་བའི་ཕ་ཡུལ་ཞིག་རྙེད་བྱུང་།།

རིག་པའི་མེ་ཏོག་བརྡར་བའི་རང་བྱུང་གི་ཚལ་ནས།།

འཁོར་བའི་འཇིགས་སྐྲག་ཟློག་པའི་བདག་སེམས་ཀྱི་ཁྱེའུས།།

འདོད་པའི་སྒྱུ་རྩལ་རྫོགས་པའི་ལྷ་མོ་ཞིག་བསུས་ནས།།

དཔལ་དང་གླུ་ཡིས་ཁྱོགས་པའི་ཁྱིམ་གཞི་ཞིག་བསྐྲུན་ཡོད།།

འཚོ་བའི་ཉིང་ཁུ་བསྐྱིལ་བའི་ཆང་དམ་གྱི་ཁ་ནས།།

གསང་བའི་སྙན་ངག་དམར་པོ་མེ་རི་བཞིན་འབར་ཏེ།།

སྲིད་པའི་འཇིག་རྟེན་སྣང་བའི་རོལ་དབྱངས་ལ་འདྲེས་ནས།།

འཁོར་བའི་ཕྱི་ནང་དྭངས་མའི་ཆུ་ཤེལ་ལ་བསྒྱུར་ཡོད།།

        ༢ དབྱངས་ཅན་ལ་བྲིས་པ།


བདུད་རྩི་སིལ་མའི་མཆོད་ཆང་ཐོགས་ཏེ།།

མཐོ་བ་ལྷ་ལ་དངོས་གྲུབ་སློང་དུས།།

རྣོ་སྦྲེང་འཛིན་པའི་ལྷ་མོ་ཞིག་གིས།།

སེམས་ཀྱི་གསང་བ་ང་ལ་གཏད་བྱུང་།།

ལུས་ཀྱི་སྤྲུལ་འགྱུར་དབྱིངས་སུ་བསྒྱུར་ཏེ།།

ཟག་མེད་གླུ་ཡི་དགའ་སྟོན་འཚོལ་དུས།།

དབྱངས་ཅན་ཟེར་བའི་བུ་མོ་ཞིག་གིས།།

འདོད་པའི་སྒྱུ་རྩལ་ང་ལ་བསྟན་བྱུང་།།

མཛེས་པ་ཀུན་རྫོགས་སེམས་ཀྱི་གཙང་བོར།།

མ་བཅོས་གཉུག་མའི་རང་བཞིན་འཕོས་ཏེ།།

སྣང་བའི་ཁམས་ནས་ཁྱོད་ལ་བཏེགས་པ།།

ང་ཡི་བདག་པོའི་ཚོགས་བསགས་ཡིན་སོང་།།

དབྱངས་ཅན་སོར་མོའི་འདེགས་འཇོག་བར་ན།།

དབྱངས་གསལ་སོ་བཞིའི་འཇའ་འོད་འཁྱུག་འཁྱུག།

བདེ་དགའ་ཟད་མེད་མིག་གི་དགའ་སྟོན།།

ཡང་ཡང་མྱོང་བའི་སྐལ་བ་འགྲིག་སོང་།།

དབྱངས་ཅན་བཞད་པའི་ཚེམས་ཕྲེང་དབུས་ན།།

སྲིད་པའི་གཙང་བོའི་ཀུ་ཅོ་ལྷུང་ལྷུང་།།

གྲུ་ཆུང་བོར་བའི་ཉ་བ་ཞིག་གིས།།

སྐོམ་པའི་གདུང་བ་ལན་མང་སེལ་སོང་།།

དབྱངས་ཅན་ངུས་པའི་མིག་ཆུའི་ཀློང་ན།།

སྙིང་དང་མཆིན་པའི་སྐྱོ་གླུ་ཤུར་ཤུར།།

སྤོབས་པ་རླུང་གི་འཕྲུལ་འཁོར་ཐོགས་ཏེ།།

བརྩེ་བའི་ཁྱིམ་གཞི་ཁ་ལོ་བསྒྱུར་འདོད།།

དབྱངས་ཅན་མཐོང་བའི་རྨི་ལམ་ནང་ནས།།

ལས་ཀྱི་མཁར་གྱང་རྐྱེན་གྱིས་བཞིག་ཐལ།།

འོད་གསལ་སེམས་ཀྱི་དར་རྒུད་མཚོན་པའི།།

སྟོང་བའི་གཞས་ཤིག་ཡང་ཡང་འཐེན་ཡོད།།

དབྱངས་ཅན་དྲན་པའི་གླུ་ཆུང་ཞིག་ལ།།

སྐྱོ་བ་སེམས་ཀྱི་སྨུག་སྤྲིན་འཐིབས་འདུག།

རང་བྱུང་ཤེལ་གྱི་སྡོད་ཁང་ཕུག་ནས།།

བརྩེ་བའི་གློག་ཞུ་ཤུགས་ཀྱིས་ཆད་ཐལ།།

དབྱངས་ཅན་དགའ་སའི་སིལ་ཏོག་ཅིག་ལ།།

ཁྲག་དང་ལོ་ཟླས་རིན་པ་སྤྲད་ཡོད།།

བདག་པོའི་གྲེ་བ་སེལ་རག་བར་དུ།།

ལུས་དང་མཚོན་གྱིས་སྲུང་མ་བྱས་ཡོད།།

ཐང་སྨུག་སྦྲ་ཡི་གྲིབ་བསིལ་འོག་ནས།།

དབྱངས་ཅན་ཡོང་བའི་གོམ་སྒྲར་ཉན་ཡོད།།

སྒོ་ཁྱི་རྒྱ་བོའི་ངུ་ཟུག་ཅིག་གིས།།

དངངས་པའི་སེམས་པ་གཡང་ལ་བཏགས་སོང་།།

བོང་བུ་བཞོན་པའི་ལམ་འགྲོ་ཞིག་ལ།།

ཁྱོད་ཀྱི་གནས་ཚུལ་གཏིང་འདྲི་བྱས་ཀྱང་།།

རྡུལ་དང་འཚུབ་མའི་འཁོར་ཕྱོགས་ཤིག་གིས།།

ཁོ་བོའི་དྲིས་ལན་རི་ལ་ཁྱེར་ཐལ།།

ཐགས་ཁྲི་སྲུང་བའི་བུ་མོ་ཞིག་གིས།།

བདག་གི་དབྱངས་ཅན་མཐོང་རབས་བཤད་གི།།

སྙིང་ནས་ཆས་པའི་ཀ་ལི་སུམ་ཅུས།།

ཡིད་འཕྲོག་ཁྱོད་ཀྱི་བུམ་རྗེས་ཟིན་ཡོད།།

ཕུག་རོན་སྔོན་མོའི་གཤོག་འགྱུར་ཞིག་ལ།།

དུངས་པ་ཁྲག་གི་མཆོད་ཆང་བཏེགས་ཏེ།།

གཡའ་མ་རྡོ་ཡི་སྒྲུབ་ཕུགས་ཤིག་ནས།།

ཁྱོད་ཀྱི་མཛེས་སྡུག་རྟོགས་བཟོ་བྱས་ཡོད།།

 ༣  སྒྲུབ་ཕུགས་འདི་ནས་བླངས་པའི།


ལུས་ཀྱི་གྲིབ་མ་རླུང་གིས་བདས་ཐལ།།

སེམས་ཀྱི་རྨ་ཁ་ཉི་མས་གསོས་ཐལ།།

ལུས་སེམས་གྱེས་པའི་སྟོང་བའི་དམིགས་བསྐྱེད།།

འགག་མེད་དབྱངས་ཀྱི་ཁྱིམ་ནས་གྲོལ་ཐལ།།

ཁ་བ་རྡུལ་གྱི་གོང་བའི་ངོས་སུ།།

སྤོས་དང་མཆི་མའི་ཚོན་རིས་བགོས་ཏེ།།

བྱམས་དང་བརྩེ་བའི་སྒོ་བྱང་ཅན་པོ།།

འགྲུལ་བ་རང་གི་སྒོམ་ཁང་ཡིན་སོང་།།

སྒྲ་དང་དྲི་མའི་ལོངས་སྤྱོད་མཁོ་བའི།།

གཟུགས་མེད་ཉམ་ངའི་འཁོར་ཚོགས་དབུས་ནས།།

དད་པའི་རྣོ་སྦྲེང་ཤེད་ཀྱིས་དཀྲོལ་བར།།

འདོད་པའི་བུ་མོའི་སྙིང་རྗེས་བསྐྱངས་སྐད།།

རྒྱ་མཚོའི་གྲུ་ཤན་རླུང་གིས་དེད་སོང་།།

རྟ་མགོའི་ཕྱི་མིག་གཙང་བོར་ལྷུང་སོང་།།

གཙང་བོར་ལྷུང་བའི་བྱམས་བརྩེའི་མེ་ཏོག།

འཆི་བདག་བསླུ་བའི་མཆོད་པ་ཡིན་སོང་།།

སེམས་ཀྱི་མཛའ་མོ་རྐྱེན་གྱིས་བྲོས་སོང་།།

འཚོ་བའི་ཅ་ལག་ཤུལ་ནས་ལུས་སོང་།།

རྒྱབ་ཤོག་ནག་པོའི་རྩིས་ཐོའི་སྟེང་དུ།།

སྨྲེང་བའི་ལ་གཞས་ཁྲག་གིས་བྲིས་འདུག།

ལུས་ཀྱི་བཀོད་པ་སྨུག་པས་བཏུམ་སོང་།།

བྱེའུ་ཆུང་རྐང་རྗེན་མཆི་མས་བརྣངས་སོང་།།

ཕ་གཞིས་བོར་བའི་མི་ལ་རས་པས།།

སེམས་ཀྱི་ནགས་ཚལ་ཀི་ཅོས་བསྒུལ་བྱུང་།།

རྡོ་བའི་མཁར་གྱང་ཆར་ཆུས་བཤིག་སོང་།།

དུས་ཚོད་བཅུ་གཉིས་ཁྲལ་གྱིས་ཕྲོགས་སོང་།།

འཁོར་འདས་བགྲང་བའི་ཕྲེང་ཀོག་བརྒྱད་པོས།།

བདག་པོའི་ངོ་གདོང་རྩལ་གྱིས་བསྲུང་ཡོད།།

སྣང་བའི་བྱེ་རི་གཙང་བོས་མིད་སོང་།།

ལས་ཀྱི་བྱ་རྒོད་རྒྱང་ལ་འཕུར་སོང་།།

སྟོབས་ཀྱི་བདག་པོའི་དུར་ས་ལྗང་གུ།།

ས་སྒང་འདི་ནས་མགོ་མཇུག་ལྡོག་སོང་།།

ཁྱིམ་དང་དུ་བ་འཁྲིགས་ནས་བུད་སོང་།།

མིང་དང་གདོང་འབག་དྲལ་ནས་བུད་སོང་།།

ཉམས་དང་རྒུད་པའི་ཐ་སྙད་གསེང་དུ།།

ཕུག་རོན་དཀར་མོའི་རྣམ་ཤེས་ཉར་ཡོད།།

བདག་མེད་དབེན་པའི་འབྲོག་ལྗོངས་འདི་རུ།།

རྟོགས་པའི་མཆོད་པ་གཙང་མར་བཤམས་ཏེ།།

རྡུལ་དང་སྨིག་རྒྱུའི་སྡོད་ཁང་ཞིག་ལ།།

དབྱངས་གསལ་སོ་བཞིའི་གླུ་རེ་བླངས་ཡོད།།

  ༤ལམ་གྱི་ངལ་དུབ་སེལ་བའི་གཞས།


རྐང་རྩེས་མེ་ཏོག་འཐུ་བ་ལུས་ཀྱི་གར་སྟབས།།

སེམས་ཀྱི་བདག་པོ་མཐོང་བའི་ཕྱོགས་སུ་གཏད་དེ།།

མཐའ་མེད་སྒྱུ་མའི་གྲོང་ལ་ཐོལ་གྱིས་བསྒྱུར་ཚེ།།

དྲེགས་པའི་དཔལ་དང་ཁེངས་པའི་ཉམས་ཀྱིས་མཛེས་བྱུང་།།

འདོད་པའི་མིག་གིས་གཟུགས་ཀྱི་ལྟད་མོར་ཅེར་ནས།།

ལུས་ཀྱི་སྒྲིབ་པ་ཉེས་པའི་བཙོན་ནས་ལུས་སོང་།།

ངག་གི་གླིང་བུས་མཛེས་པའི་ལྷ་མོ་བསུས་ནས།།

སེམས་ཀྱི་འཇིགས་སྐྲག་ཞི་བའི་ཚལ་ནས་བརྗེད་སོང་།།

རིགས་ཀྱི་ངོ་གདོང་ཤོང་བའི་མེ་ལོང་ངོས་སུ།།

སྡེ་བརྒྱད་སྣང་བའི་མཆོད་པ་ཡིད་ཀྱིས་སྤྲུལ་ནས།།

མི་མངོན་གདོད་མའི་ཁྱིམ་ན་འགུལ་མེད་གནས་པའི།།

རིག་པའི་མཚོན་ཆ་རང་གི་གྲོགས་སུ་བཀུག་ཡོད།།

ཞི་དྲག་སྤར་ཁ་འཐབ་པའི་རླུང་གི་འཁོར་གསུམ།།

སྲིད་པའི་མཛེས་པ་ཕམ་པའི་ཟོལ་གྱིས་བསྐོར་ཏེ།།

སྙན་པའི་རྐང་གླིང་གདངས་ལས་རང་རྩལ་ངོམ་ཚེ།།

སྲེད་པའི་གར་མ་དུངས་པའི་ཉམས་ཀྱིས་ངུས་བྱུང་།།

གནའ་བོའི་བཟོ་བཀོད་མཚོན་པའི་བྱེ་མའི་ཐང་ཆེན།།

ཁ་བའི་མཛེས་སྡུག་འདྲེན་པའི་གཙང་བོའི་རོལ་དབྱངས།།

བརྩེ་བའི་རྒྱལ་ས་སྟོན་པའི་རྫི་གླུ་ཁེར་རྐྱང་།།

རང་བྱུང་འཕྲུལ་གྱི་མཆོད་པ་ཉམས་སུ་དགའ་བ།།

སྒྱུ་མའི་ལྟད་མོ་མང་བ་སྟོང་བའི་རྒྱལ་ཁབ།།

རང་གི་ཡུལ་ལྗོངས་མཚོན་པའི་དཔེ་རུ་བྱས་ཏེ།།

འཁོར་བའི་རོལ་རྩེད་སེམས་ཀྱི་ཉམས་སུ་མྱོང་བཞིན།།

རྟེན་པའི་ལྷ་ཆེན་དགྱེས་པའི་གཞས་ཤིག་བརྩམས་ཡོད།།

ཟླ་བའི་ལང་ཚོ་ནམ་མཁའི་མངལ་དུ་སྦྲུམ་སྟེ།།

སྣ་ཚོགས་གཟུགས་ཀྱི་མཆོད་པའི་དངོས་གྲུབ་འབབ་དུས།།

དགུ་ཚིགས་ཁྲ་བོའི་ལམ་ཞིག་ང་ལ་ཐོབ་པས།།

གླིང་བཞིའི་འཇིག་རྟེན་སྐོར་བའི་སྤོབས་པ་བཏེགས་ཡོད།།

ཕྱི་ཡི་འཇིགས་སྐྲག་ཟློག་པ་རལ་ཁྲིའི་ནགས་ཚལ།།

ནང་གི་སྐྱོ་གདུང་སེལ་བ་གླུ་ཡི་མཆོད་པ།།

ཕྱི་ནང་འགལ་རྐྱེན་ཞི་བ་བདེ་མོའི་ལམ་ནས།།

དག་པའི་མཁའ་ལ་སྨོན་པའི་སྦྱོར་བ་བཤམས་ཡོད།།

འདོད་པའི་རྐང་མལ་གསོ་བའི་འོད་ཀྱི་མེ་འཁོར།།

རླུང་གི་གྲོགས་དང་མེ་ཡི་ཤུགས་ལ་བརྟེན་ནས།།

ཤེལ་གྱི་གངས་རི་མཐོན་པོའི་རྩེ་མོར་སླེབས་ཚེ།།

ཕྱི་མའི་དགའ་སྟོན་མཐོང་བའི་ངལ་གསོའི་གཞས་ཡིན།།

༥ མཛའ་མོ་ལམ་དུ་ཆས་པའི་ངང་ཚུལ།

སྟོབས་ཀྱི་ལྷ་དང་འདོད་པའི་ལོངས་སྤྱོད་ཀྱིས།།

འགྲོ་བའི་སྐྱེ་འཆི་བསླུ་བའི་ཞི་དབྱིངས་ན།།

གདོད་མའི་སྲ་མཁྲེགས་མཚོན་བྱེད་བདག་གི་བློ།།

གཞལ་ཡང་འདུལ་བར་མེད་པ་སྟོང་བའི་གྲུ།།

སྡིག་པའི་མེ་ཏོག་ཕམ་པའི་རོལ་སྒེག་གིས།།

སེམས་ཀྱི་གདུང་བ་གཞན་ལ་ངོམས་བཞིན་དུ།།

མཐའ་མེད་འགྲོ་བ་འདྲེན་པའི་ཕྱག་རྒྱ་འདིས།།

སྙིང་གི་བུ་མོར་འབྲལ་ཁའི་གར་ཞིག་འཁྲབ།།

སྟོན་མཚན་ཟླ་བས་དག་པའི་ངོ་གདོང་ན།།

རིན་ཆེན་མིག་ཆུ་འབེབ་པ་སྐར་མའི་དཔུང་།།

སྲིད་པའི་སྡུག་བསྔལ་བཀྲུ་བའི་ཆབ་རྒྱུན་གྱིས།།

བདག་གི་ལུས་ཀྱི་ཉེས་པ་སེལ་བར་མཛོད།།

ཡིད་ཀྱི་གཙང་བོ་ངུས་པའི་གཞས་ཆུང་འདིས

ཁྱོད་ཀྱི་མིང་ལ་སྒྱུ་མའི་མཚོ་མོ་བཏགས།།            

ལུས་ཀྱི་མཆོད་མེ་འདྲེན་པའི་གར་སྟབས་འདིས།།

ཁྱོད་ཀྱི་མིག་ལ་གདུང་བའི་འདྲ་རིས་བཤམས།།

མི་འདོད་ཐོག་ཏུ་བབས་པའི་བཀའ་ལུང་འདིས།།

བརྩེ་བའི་བུ་ཆུང་གསོད་པར་མ་གྱུར་ཚེ།།

མག་མོག་འཚོ་བ་འདི་ཡི་ཕ་རོལ་ན།།

མི་ཤུགས་སྟོང་བའི་རང་ཁྱིམ་གཙང་མ་ཡོད།།

སེམས་ལ་སྒོམ་པའི་རླུང་བུ་འཇིག་ནས་ཐལ།།

ལུས་ལ་བཏགས་པའི་རྒྱན་ཆ་འཕུར་ནས་ཐལ།།

གདོང་ལ་གཏད་པའི་མེ་ལོང་ཆག་ནས་ཐལ།།

སྐྱོ་བའི་ཚིག་གསུམ་མིག་ཆུས་དེད་ནས་ཐལ།།

ནམ་མཁའི་ངོས་ཀྱི་རྣོ་སྦྲེང་མགྲིན་པ་འགག།

ལྷུང་བཟེད་ནང་གི་མཚན་མོའི་མེ་ཏོག་སྐམ།།

གར་གྱི་ཉམས་འགྱུར་རྫོགས་པའི་ཕོ་བྲང་དེས།།

ཁྱོད་ལ་མི་བདེན་འཆི་བའི་ཚིག་གསུམ་བྲིས།།

སྙིང་ནས་འབབ་པའི་གདུང་བ་མཚོན་བྱེད་པའི།།

ལུས་ནས་འབར་བའི་མེ་རི་མཐོང་བྱེད་པའི།།

མིག་ལ་སྨན་པའི་གསལ་བྱེད་སུམ་ཅུ་བོས།།

སྐྱོ་གདུང་སྦས་པའི་དུར་ས་སུམ་ཅུ་བཞེངས།།

སྒེའུ་ཁུང་ངོས་ཀྱི་བྱེའུ་ཆུང་རྐང་བརྗེན་དེས།།

བདག་མེད་བསྟོན་པའི་གཞས་ཆུང་གྱེར་བ་ན།།

སྡོད་ཁང་ཕུགས་ཀྱི་གླ་བ་རེ་རེ་ཡིས།།

འཁོར་བའི་ཁྲལ་ལས་འཇོག་པའི་མིང་ཐོ་འགོད།།

གདུང་བའི་རོལ་རྩེད་འདི་ཡི་མཐའ་གང་ཞེས།།

རང་གི་བདག་པོར་གྲོས་སུ་བཏབ་པ་ན།།

ཆགས་པའི་ངོ་གདུང་མཐོང་བའི་དཔེ་དེབ་ཅིག།

བརྩེ་བའི་ཉམས་དང་བྱམས་པའི་མིག་གིས་བསྩལ།།

     ༢༠༠༦ལོར།

 རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་མི་རུང་།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།