
༡ རྩྭ་ཕུང་།
རྩྭ་གཟུགས་ཀྱི་ཕུང་པོ་ཙམ་ལ་ཞེན་ཆགས་ཅི་ལ་བྱེད
ནམ་མཁའི་ཁམས་ཀྱི་ཡིད་ཆེས་ནི་ཚ་བ་ཆེ་དུས་ཀྱི
སྐྲ་གསེང་ལ་རྒྱབ་པའི་རླུང་བུ་ཙམ་སྟེ
འཇིག་རྟེན་ནི འཇིག་རྟེན་ནི་ངེས་མེད་ཀྱི་སྔུར་པ་དང་འདྲ
ད་དུང་ཡོད་དེ མཚམས་ལན་རེར
སྒྱུ་རྩལ་ལྡན་པའི་མིག་ཆུ་ནི་དུས་མིན་དུ་བཞུར་ཞིང
སྐྱོ་གདུང་གི་ངུད་མོ་ཡང
འཇའ་ཚོན་ལྟར་བཞད་ངེས
ཁྱོད་ཀྱིས་ཉི་ཟླའི་རྣ་ཆ་གང་དུ་ཡོད་པ་ད་དུང་རྙེད་མེད
ཁྱོད་ཀྱིས་རང་བྱུང་ཁམས་ཀྱི་ཆགས་སྲེད་འབར་བའི་མྱོས་བུམ་ལ
རེག་རྒྱུ་བརྗེད་འདུག
ཚིམས་མེད་ཀྱི་འདོད་སྤྱོད་དེ་ནི
འཛུམ་མདངས་ཀྱི་བསྐྱེད་འབྲས་ཙམ་མ་ཡིན་ཏེ
གཏན་དུ་དྲན་གསོ་མ་བྱས་པའི་རླུང་གི་ཁ་དོག
ངེས་མེད་ཀྱི་ཚོར་ཤུགས་ཤིག་སྟེ
བདག་ཉིད་འཐམ་ནས་ཚིམས་པ་མེད་པའི་བདེ་སྣང་གི་འདོད་བློ་དེ་ལགས
ད་དུང་གཅིག་བརྗེད་ཡོད
དུས་གཏན་དུ་ཡིད་ཆེས་ཙམ་ཡང་བསྐྱེད་དཀའ་བའི་ཕོར་བ་ནི
ཁྱོས་རང་གི་མགོན་སྐྱབས་ལ་རུང་བའི་ལྐོག་དངུལ་ཡིན་པ་དྲན་གསོ་གནང་རོགས
༢༠༡༥།༣།༢༡ལ་མྱི་སྲས་བཙན་པོར་ཕུལ།

༢ ཨེ་ཤ་ཡའི་ས་ཡོམ་ལ་ཕུལ་བ།
ས་འགུལ་རྗེས
སེམས་འགུལ
༢༠༡༥།༤།༢༦ལ།

༣ འགུགས་འཁྱེར་ཀྱི་བང་སོ།
ངས་ནམ་རྒྱུན་གདངས་ཀྱི་འགྱུར་ཁུགས་གཅིག་ལ་རྣ་བ་གཏད
མིག་ཟུང་གཅིག་གིས་བདག་ལ་ཧད་དེ་བལྟ་བཞིན་པར་བསམ
འཛུམ་ཆུང་ཞིག་རང་གི་མིག་ཁར་ཡལ་མེད་དུ་གནས་པ་ཡུན་རིང་བོར་མ་ཚོར
ངས་རང་གི་བྲང་ཁོག་རྩྭ་ཐང་དུ་ཞབས་བྲོ་འཁྲབ་ཀྱིན་པ་སུ་ཡིན་ཇི་ལྟར་ཚོར
ངའི་རྣམ་ཤེས་ཀྱི་གཞུང་ལམ་ཏུ་ལྕགས་རྟས་བསྐོར་བསྐྱོད་བྱེད་བཞིན་པ་ཁྱོད་དུ་ག་ལ་ཤེས
ངས་རང་ཉིད་སྟོན་གྱི་སྡོང་ལོ་ཞིག་ཡིན་པ་ཚོར་དུས
ཁྱོད་ཀྱིས་མིག་ཟུང་བཙུམས་སྟེ་ཅི་ཞིག་ལ་རོལ་མྱོལ་བྱེད་ཀྱི་འདུག
ངས་རང་ཉིད་ལ་རྒྱང་བཀྱེད་ནས་ཕྱིར་བལྟ་དུས
ཁྱོད་ཀྱི་ཞལ་ལས་ཐོན་པའི་རོལ་དབྱངས་ཀྱི་བརྡ་རྟགས་ཤིག་ཡང་ཡང་མཁའ་རུ་འཕྱོ
ངས་ཁྱོད་རང་གཞས་གཏོང་མཁས་པའི་བུད་མེད་དེ་རེད་བསམ་བསམ་མ་བྱུང
༢༠༡༥།༥།༡༣ཉིན།
༤ ལོ་ངོ་ཁ་ཤས་རྗེས་སུ།
ལོ་ངོ་བདུན་གྱི་རྗེས་སུ
གནམ་གྱི་སྐར་ཚོགས་ས་ལ་ལྷུང
ཆུ་ཡི་མཆོད་པ་ནི་སྐད་ཤུགས་ཆེན་པོའི་ཟས་མཆོག་ཅིག
དེ་ལྟ་བུའི་དུས་སུ ངས་རང་གི་སྙིང་གཏམ་ཚོར
ང་ཚོའི་སྙིང་གཏམ་ནི་ལག་འཇུ་གཅིག་གིས་གསལ་བར་ཞུས
ང་ཚོས ཁ་ཁུ་སིམ་པོར་ཝུ་ཆང་གི་བརྩེ་གླུ་གྱེར
ཁྱོད་ཀྱིས་རང་གི་དགོད་སྒྲ་ལ་ཕྱི་ཤུན་ཡོད་པ་རྟོགས་མྱོང་ངམ
ལོ་ངོ་བདུན་གྱི་རྗེས་སུ
ས་མཐའི་ཁ་བརྡ་ནི་སྐད་ཆའི་ཕྱི་ཤུན་ཕུད་པའི་མཇལ་འཛོམས་ཤིག
༢༠༡༥།༦།༢༤ཞོགས་པར།

༥ སེམས།
རླུང་ཁའི་སེམས་པ་ནི་མར་མེ་འདྲ
གང་ལ་སླེབས་ཡང
གདམས་ངག་གཅིག་རང་གོ་སྟེ
ཨ་མས་གཏམ་རྒྱུད་དུ་མི་ཚེ་རླུང་ཁའི་མར་མེ་འདྲ་ཟེར
སེམས་པ་སྔར་བཞིན་ཏེ
རེ་བ་ཡོང་རྫོགས་ཀྱི་ཚད་དུ་སྤུངས
འཛད་དཀའ་བའི་སྨུག་སྤྲིན
ཡལ་བར་དཀའ་བའི་མགོ་ཐོག་གི་རི་མོ
དེ་ཡིན་ཡང
རླུང་ཁམས་ཡོད་ཚད་དུ
ངས་རང་གི་འདོད་འདུན་སྒྲོག་པར་འདོད
འོན་ཀྱང ང་ལ་རྩྭ་ཐང་མེད
རྟ་མཆོག་ཀྱང་མེད
༢༠༡༥།༧།༧ལ།
༦ ཚོར་བ།
འདི་ནས་ཕར་ལ་འགྲོའམ་འདུག།
རྒྱབ་ནི་ཚེར་མའི་ཕུང་བོ་སྟེ།།
མདུན་ནི་མུན་ནག་གྲུ་བཞི་ཞིག།
འདི་ནས་ཙོག་གམ་ལངས་ནས་སྡོད།།
གནམ་ནི་ལྕགས་ཀྱི་ཁ་ཚུབ་སྟེ།།
ས་ནི་མེ་ཡི་གདན་དུ་ཤེས།།
འདི་ནས་བསམ་མམ་བག་ཡངས་བྱེད།།
བློ་ནི་སྒྱུ་མའི་འཕྲུལ་ཙམ་སྟེ།།
བག་ཡངས་འཚོ་བའི་དོན་དུ་ཚོར།།
༢༠༡༥།༧།༡༣ཉིན།
༧ སྨུག་པ།
འཆར་ཡན་གྱི་རྩིག་ངོས་སུ་ད་དུང་གསལ་པོར་ཤར
རླུང་བུའི་འཁོར་ཕྱོགས་སུ་དྲི་བསུང་ཡངས་མོར་རྒྱུ
ལྗོན་པའི་ལོ་འདབ་ལས་ཟིལ་ཐིགས་འབབ་ཅིང
རི་བྱེའུ་དག་གིས་ང་དང་རྒྱང་བཀྱེད
སྨུག་པས་རི་ལུང་གཡོགས་ཤིང
ཆར་བའང་སྔར་བཞིན་འབབ
ཡལ་དཀའ་བའི་རྐང་རྗེས་སུ་ཞིག་གིས་བསུབས་ཡོད
རྩྭ་ཡི་འཛིང་རགས་དཀྱིལ་དུ
མིག་འོད་ཀྱིས་སྐམ་པར་བྱས་པའི་ཆར་གྱི་མེ་ཏོག
ངས་སླར་ཡང་རི་མོར་བྲིས་ཏེ་སྐྱེས་སུ་བཅུག
མེ་ཏོག མེ་ཏོག རྩྭ་ཡི་ཤོམ་ལྭ
འཇིག་རྟེན་ནི་སྔར་བཞིན་སྨུག་པའི་གསེང་གི་དངན་པ་ཞིག
ཁོ་ཚོས་ང་ལ་རི་རབ་ཀྱི་རྩེ་མོ་བསྟན
བརྒལ་དཀའ་བའི་སྒྲུང་བཤད
ངས་རང་ཉིད་ཀྱི་སྙིང་ལག་པར་བླངས་ཏེ
སྨུག་པའི་གསེང་དུ་ཤུགས་ཀྱིས་གཡུགས
ང་ཡི་འགྲུལ་བཞུད་ཀྱི་ལམ་ཁར
མིག་མདུན་དུ་ཆེན་པོ་ཆགས་བཞིན་པའི་རྒྱལ་པོ
ངས་ཁྱོད་ཀྱི་རྔུར་སྒྲ་ཡངས་མོ་གཅིག་པུ་གོ་ཐུབ
ཀྱེ རི་ལུང་སྨུག་པས་བཟུང
སྨུག་པ སྨུག་པ
༢༠༡༥།༧།༢༩ཉིན།
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།