བྱང་དུར་མེའི་སྙན་ངག་བདམས་བཀོད།

457

 

IMG_2687.JPG

 

     ༈ མཚོ་ཁར་བསེད་པའི་ཁ་བ།


བྱ་བབས་པ་ལྟ་བུའི་མཚོ་ཁ་དེར
དམྱལ་བའི་ཁམས་ཀྱི་མེ་ཏོག་འགའ་བཞད་འདུག

མཚོ་ནི་གཡང་གཟར་གྱི་ངམ་གྲོག་ཆེན་པོ་ཞིག་སྟེ
ཉ་ནི་ལྕགས་ཀྱུ་ཞིག་དང་།  ཆུ་ནི་མེ་མདའ་ཞིག་རེད
མྱི་དེ་ནི་མེད་མུག་དང་དཀའ་སྡུག་གིས་མནར་བའི་
ཁ་བ་ཞིག་གམ།   སྙིང་ལྕགས་ཤིག་རེད
                           ༢༠༡༥ ༦ ༢༧

IMG_2689.JPG

              ༈ སྨྲེང་དྲངས་བ།


ཁྱོད་རང་ཁ་རོག་གེར་བུད་སོང་ངམ
དེ་ན།  ཕྱིར་ཕ་ཡུལ་དུ་མ་ལོག་རོགས
ཁ་བ་ཆེན་པོ་ཞིག་བབས་འདུག་པས
མི་ཚོགས་ཀྱི་ལག་པ་བྲང་ལ་འབྱར་འདུག

ང་།  ཁྱོད་ཡོད་སར་འོང་ངེས་ཏེ
འོང་ཁར་ཡང་ཤ་དང་ཆང་རེ་འཁུར་འོང
               

                                          ༢༠༡༥ ༦ ༢༩
      

        ༈ རྒྱང་རིང་དེ་ན།

                                      
ནམ་མཁའི་མཐོངས་འོག་ནས
ལུག་གུ་འཚོ་བའི་བུ་མོ་ཆུང་ཆུང་ཞིག
སྦྲ་མཐའ་ནས་གཅིག་བུར་གཉོམ་དུང་དུང་གིས་ངུས་ཤིང
དྭངས་གཙང་གི་མིག་མདངས་ཀྱིས་ཉི་མའི་གྲིབ་སོ་དེད

དྲན་གདུང་ལྷཊ་རླུང་གིས་བསྐྱོད་པའི་ངང་ཚུལ་དེའི
ཆར་ཆུ་གང་ཡང་མེད་པར་ཚ་བ་ཙད་ཀྱིས་ཟིན

ལག་ཆུང་གིས་འུར་ཁྲ་ལ་བྱིལ་བྱིལ་གྲངས་མེད་བྱས་རྗེས
སེམས་པ་ཕྱི་བརྟོལ་ནང་བརྟོལ་བྱེད་མཁན་གྱི་
རང་གི་དགའ་མཛའ་དང་རྒྱང་རིང་གི་མྱི་དེ་གླེང

                                             2015/5/28

IMG_2694.JPG

       ༈ ཉི་ཟླའི་པང་གི་སྐར་ཚོམ། 

                                                     བུ་ཆུང་ཡག་དཀར་ལ་བྲིས་པའི་དྲུག་གཅིག་དུས་ཆེན།

        
མེ་ཏོག་བཙའ་རོ་མ་འགའ་བཞད་རྗེས
ལྕང་སྡོང་གི་ཤུན་པ་ནག་རོ་དག་བརྗེས
ཟླ་དྲུག་པའི་ཚེས་འགོར
སྒེའུ་ཁུང་གི་ཕྱི་རོལ་ནས་བྱ་རྣམས་གྲག

ཁྱོད་ཆུང་དུས
ཞོགས་ཁའི་ཉི་འོད་དང་འགྲོགས་ཡོད
སྐར་ཚོམ་སྣ་ཚོཊ་ལས་བབས་པ་བཞིན
ཞི་ལྷོད་དྭངས་གཙང་གི་མྱི་གཤིས་ཤིག་ཡོད
ཕུགས་བསམ་དཀར་པོ་ཞིག་བསྒོམས་ཡོད

དེ་དུས།  ཁྱོད་ཀྱང་ཆུང་ཆུང་ཡིན
ཆུང་དུས། སྨུག་སྤྲིན་དང་ཁ་བ་མེད
རྨི་ལམ་དཀར་པོ་ཁོ་ན་ཡིན
སུན་སྣང་དང་ན་བུན་མེད
མེ་ལོང་ནས་བལྟས་ན་དྭངས་གསལ་ཡིན
མ་ལོ
                                            2015/6/1
        

IMG_2688.JPG

             ༈ གཟིར་བ། 

 

ཡིད་མྱ་ངན་གྱིས་གདུངས
གཅོང་སྐད་ཆེན་པོ་བརྒྱབ་རྗེས
སྨྱོ་ཧམ་གྱིས་ཡི་གེ་མང་ཙམ་བྲིས

བརྩེ་དུང་དང་ལྐོག་གྱུར་གྱིས
དུམ་བུར་གས་པ་འདྲ་བོ་བྱུང
ཡིད་ཚེ་ལས་འདས

མི་རྣམས་ཀྱིས་མི་ཞིག་གི་མིང་ནས་བོས
ཡིན་ཡང་། མི་དེས་མི་གཞན་ངོ་མ་ཤེས

ངས་ཁོ་མོ་བཙལ་ནས་རྙེད་འདོད་སྐྱེས
ཡིན་ཡང་། ཁོ་མོའི་ཡིག་ཚགས་ང་ལ་མེད

                                             2015/3/27
  

            མྱོང་བ་ཙམ།


ཆོས་རྣམས   རྫོབ་ཆེ་སྣང་བས་མགོ་འཁོར
མིག་ཤེལ་ནག་པོ་ཞིག་གྱོན་པས
མུན་པ་ནི་སྔར་ལས་ནག་ཅིང
ལྷིང་འཇགས་སུ་གྲུབ

མི་ཚེ་རྫོགས་ཁར
སྐྱོ་གཞས་དང་སྙན་ངག་བྲིས
རང་གི་ཚེ་རོགས་དང་ཕྲད་ནས
རང་ཉིད་ཤིན་ཏུ་དགའ་བས་ངུས

ཆང་རག་མང་ཙམ་གསོལ་ཞིང
ཁྲག་དྲི་མེད་པའི་ཤ་ཡང་གསོལ
ཡིན་ཡང་། མཚན་མོ་དེར
ཟླ་བའི་བཀྲག་མདངས་ཧ་ཅང་འཁྱགས

                                             2015/2/25

IMG_2695.JPG


           མ་སྐྱེས་མ། 

                                 དགའ་གྲོཊ་མ་ཞིག་བྲིས་པ།
                     


             ཉི་མའི་འཇའ་འོད་རྒྱང་ལ་འཕུར།།
             མཚན་མོའི་པང་ནས་སྐར་མ་རྩེད།།
             ལྗོན་པ་ལོ་མའི་ཚང་མལ་ན།།
             ནེམ་ཤ་སྙི་མོའི་དྲོད་ཅིག་གདའ།།

             གོས་འཇམ་ཚ་རུའི་རུམ་སྒོ་ན།།
             མཆུ་སྒྲོས་པདྨའི་འདབ་ལོ་འཐོར།།
             དམ་དུམ་ཚིག་གི་མགུལ་ཆུང་ལས།།
             མུ་ཏིག་ཕྲེང་བའི་སེན་ཁ་བརྩིས།།

             གདོང་གི་འཛུམ་ཆུང་འཚོ་བའི་སྙིང་།།
             ལང་ཚོའི་རྣ་རྒྱན་དྲག་ཏུ་མཛེས།།
             སེམས་དང་གཙང་བོའི་མ་སྐྱེས་མ།།
             ཞེ་འདྲིས་དགའ་མ་གཞན་ལས་དམར།།

                                                             2014/5/9

tte.jpg


              ༈བརྩེ་དུང་།



མཁའ་ལམ་དོག་ས་ནས་ཁ་བ་བབས
འདབ་ལོ་དང་བཅས་སྡོང་མགོར་བབས
སྤྲིན་པ་ལྟ་བུའི་སེམས་པ་སྙི་མོ་ཞིག་ཡོན་ནའང
ཆང་ལ་ཚ་གྲང་གཉིས་འཛོམས་པས་དེ་ལས་རྩུབ

ཁྱོད་ཀྱིས་འཇིག་རྟེན་ཧ་ཅང་ཆེ་བར་འདོད་ནའང
ཁྱོད་རང་འཇིག་རྟེན་གྱི་པང་ནས་རབ་ཏུ་ཆུང

                                               2015.2.24

5353.jpg

      ༈  ཞལ་ལམ་”ཁ”།   

                
ཞལ་མ་མང་།  ལྷག་ཏུ་ཁྱོད
ཕ་ཡུལ་དུ་འདམ་བུའི་མེ་ཏོག་འབུས་གདའ
འཇིག་རྟེན་ནི་འཁྱགས་རོམ་གྱིས་མནར
ཁྱོད་ཞལ་མ་མང་ལགས

ཁྱོད་རང་ངས་གུས་ཕྱག་གི་ཡུལ་དུ་སྐུལ་ན
ངའི་དད་དུང་གི་སེམས་པ་ཟད་དུ་བཅུག་སྟེ་
རུས་པར་ཐུག་སྲིད

ཁྱོད་ཉིད་ཞལ་མ་མང་རོགས
ང་རང་ཉིད་ཀྱི་ཁ་དོག་དང་མལ་སྟན་ལ་དགའ
ང་ལ་བསྟོད་གླུ་འབུལ་བའི་གཤིས་ཀ་མེད

ངས་རང་ཉིད་མེ་ཏོག་ཞིག་ཏུ་འཁྲུལ་ཡོད
དེའི་ཕྱིར། རླུང་བསིལ་མོ་གཡུག་པར་དགའ
ཁྱོད་ནི་ཅིས་ཀྱང་ཞལ་མ་མང་རོགས
                   

                                      2015.2.27
 

      ༈  ཁུ་བྱུག

བྱེ་མ་རླུང་གིས་ཁུར་དུས
རི་ཁྲོད་ཀྱི་བྱ་རྣམས་ལྷོ་ལ་འཕུར
ཚང་བཅའ་སྲོལ་མེད་པའི་རི་དྭགས་ཚོ་
རང་གི་གྲིབ་གཟུགས་ཡོད་ཚད་ལ་ཞེད་ངེས་ཡིན

ཉི་འོད་ཀྱི་སྒྲོ་གོས་མནབས་རྗེས
ངལ་དུབ་ཀྱིས་བསམ་གཞིག་ལ་སྡུག་སྣང་སྒྲོན
རི་ཚོགས་ཀྱི་དབེན་སར་འཚོ་བའི་བྱ་རྣམས་ལ
མིང་འདོགས་སྲོལ་མེད་པའི་རང་གི་ཕྲུ་གུ་བཙས

སོས་མགོར་སླེབ་དུས
མེ་ཏོག་གི་ལེགས་སྐྱེས་འཁྱེར་ནས
གཙང་འགྲམ་ཕ་གི་ནས་ཕྱིར་ལོག
ཀྱེ་ཧུད། དྲན་གདུང་གིས་མནར་བའི་བྱ
རང་ཤག་གད་ཕུག་ལ་འཕྲེང་བས་གླུ་བླངས
ཆར་ཟིལ་དང་ན་བུན་ཁྲོད་ནས་ཕྱིར་འོང་བའི་ཁུ་བྱུག

                                                         2015/3/12

 

                                                         རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།