སེང་རྡོར་གྱི་སྙན་ངག་ཆེད་འགོད་བྱས་པ།

1038

QQ Photo20150407213829.jpg

        < རྩོམ་པ་པོའི་ངོ་སྤྲོད།>     སེང་རྡོར། ༡༩༨༢ལོར་མདོ་སྨད་རྐང་ཚར་སྐྱེས། ཆེས་ཐོག་མར་རིག་གསར་སྐབས་བཙན་གྱིས་སྐྱ་སར་ཕབ་པའི་པདྨ་རྒྱལ་མཚན་ཞུ་བ་ཞིག་གི་དྲུང་ནས་ཀློག་སོགས་ལེགས་པར་བསླབས། རྗེས་སུ་བླ་བྲང་དང་སྐུ་འབུམ་སོགས་ཀྱི་དགེ་བཤེས་འགའ་ལས་ཟུར་ཁྲིད་ཅུང་ཞུས། རང་ལོ་ཉེར་བཞི་པར<<རྟུལ་ཕོད>>ཅེས་པའི་གྲགས་དེབ་དེའི་རྩོམ་གདན་བཏིང་ཞིང་དེའི་ཕྱི་ལོར་དངོས་སུ་དཔར་སྐྲུན་བྱས། སྔ་ཕྱིར<<བོད་སྐད་ཀྱི་གཏིང>>དང<<བཅད་གསར་གྱི་སྤྱི་དོན>>སོགས་སྙན་ངག་གི་ཕྱོགས་བསྒྲིགས་དང་རྩོམ་རིག་དཔྱད་དེབ་སོགས་བསྟུད་མར་བརྩམས་ཤིང་ཆེས་བྲིན་པར་གྱུར། རིགས་གཅིག་མཁས་པ་ལྷ་སྡེ་གནམ་ལོ་ཡག་ཅེས་པས<<སེང་རྡོར་ཞིབ་འཇུག>>ཅེས་པའི་རྩོམ་རིང་བརྩམས། དེ་ནི་གསོན་བསྡད་ཡོད་པའི་བོད་མི་གཞོན་སྐྱེས་རྩོམ་པ་པོར་ཞིབ་འཇུག་བྱས་པ་ཐོག་མ་དེ་ཆགས་ཡོད། <<བར་སྐབས་ཤིག་གི་ཉིན་མཚན>>ཞེས་པའི་སྙན་ངག་ལ༢༠༡༤ལོའི<<མི་རིགས་ཀྱི་རྩོམ་རིག>>གི་བྱ་དགའ་ཐོབ།  ལོ་དེར་ཁོ་རང་མཆོད་མེ་དྲ་བའི་ཆེད་ཞུས་རྩོམ་པ་པོར་བདམས། ཡང་ལོ་དེར་ཁོའི་སྙན་ངག་གྲགས་ཅན<<ཉག་ག་ཕ་གིར>>ཞེས་པ་སོགས་ཅོ་ནེ་ཡུམ་ཚེ་རིང་ཚེ་རིང་སོགས་ཀྱིས་མ་སྐུལ་དང་བླངས་ཀྱིས་ཡིག་རིགས་གཞན་དུ་བསྒྱུར། ད་ལྟ་མི་མང་པོས་ཁོ་ནི་བོད་ཀྱི་བཅད་གསར་སྙན་ངག་གི་ཤིང་རྟའི་སྲོལ་འབྱེད་པ་དང་། བོད་མིའི་སྐད་ཆའི་སྒྱུ་རྩལ་ཡིག་ཐོག་ཏུ་ཕབ་པ་ལ་གཞན་འགྲན་མེད་པའི་སྐྱེས་བུར་རྩི། བོད་ཡིག་དྲ་བ་བྱུང་ཚུན་དུ་ཁོ་ལ་བྱུང་བ་ལྟ་བུའི་ཀློག་གྲངས་དང་དཔྱད་མཆན། བགྲོ་གླེང་སོགས་ནི་ཕལ་ཆེར་སུ་ལའང་བྱུང་མེད་ངེས་ཡིན། ]


 

  ཐོལ་བྱུང་དང་ཐོད་རྒལ། ( སྙན་ཚོམས)

 

                            ༡

འཆི་བ་རླུང་ཆེན་ལྡང་བའི་ཕྱི་དྲོ་ཞིག་རེད།།

དེ་མིན་ཆུ་དང་ཁ་བ་འཐབ་པའི་སྒྲ་རེད།།

དེ་མིན་རི་རྩེར་ཤི་བའི་རི་དྭགས་རོ་རེད།།

དེ་མིན་ས་དང་དུས་ཚོད་རྐྱང་རྐྱང་རེད་དོ།།

དད་པ་རྡོ་རྒན་གསུམ་བར་འབར་བའི་མེ་རེད།།

ང་རྒྱལ་སེང་གེ་བརྒྱད་ཅུའི་སྙིང་གི་ཁྲག་རེེད།།

འདུན་པ་གྱང་རའི་གྲུ་ཟུར་བཏགས་པའི་རྟ་རེད།།

བསོད་ནམས་སོ་སོའི་མགོ་ལ་འཁྲིགས་པའི་སྤྲིན་རེད།།

                         ༢

ཟླ་བའི་མཐའ་ལ་ཐིག་ལེ་སྔོན་པོས།།

བསྐོར་ཞིང་ཟླ་འོད་ཀྱིས་ནི་ནགས་ཁྲོད།།

རྡོ་ཁང་སྐྱ་བོ་ཞིག་དང་དེའི་སྒོའི།།

བུད་མེད་ཅིག་གི་ངོ་གདོང་ཕྱེད་དང་།།

སྐྱེས་པ་གསུམ་གྱི་ལག་པ་གསལ་བྱས།།

གཅིག་གིས་གྱང་ཕག་བརྒྱུད་ནས་ལྟ་ཞིང་།།

གཉིས་ཀྱིས་བུད་མེད་པང་ལ་འུབས་པ།།

བུད་མེད་ལག་ལ་བྱིས་པ་ཞིག་འཛིན།།

བྱིས་པའི་སྙིང་ཁར་ཁྲག་གིས་ཚོས་འདུག །

རྡོ་ཁང་དེ་ཡི་རྒྱབ་རིར་དམག་ཚོགས།།

བསྐུངས་ཤིང་ཐོག་དང་རྦབ་རྡོ་འདྲེན་ནོ།།

དམག་དཔོན་གླིང་བུ་འབུད་ཅིང་སོག་བྱིལ།།

འོད་ཆུང་ལིང་ལིང་ང་སར་ཇེ་ཉེ།།

                         ༣

སྣང་ཚད་དམར་དྲགས་ཁ་བའི་མེ་ཕུང་འདྲ།།

ང་ཡིས་ཟག་ཕུང་འདི་ཉིད་ཐེག་པར་དཀའ།།

སེམས་ཀྱི་ཨི་ཁུང་སོ་སོར་རླུང་བུ་ལྡང་།།

ལག་ངོའི་སྐར་མ་འདར་འདར་འཕག་པ་མཐོང་།།

               ༤

སྟོད་གངས་རིའི་སྟེང་གི་ཁྱི་མོ།།

མདངས་དམར་སེར་གློག་གི་ཟླ་བ།།

ཤིང་དྲྭ་མ་གཡོགས་པའི་སྨུག་པ།།

ཚུལ་གང་ལ་བལྟས་ཀྱང་ཆུ་རེད།།

དཔེ་ཅི་ལ་བཞག་ཀྱང་རླུང་རེད།།

                 ༥

ཕྱི་ཡི་ལུས་པོ་རྡོ་བ་ནག་པོ་ཡིན།།

ནང་གི་སེམས་པ་གངས་སེང་དཀར་མོ་ཡིན།།

བདེན་རྫུན་འདྲེས་མའི་རབ་ཁ་སྲུང་མཁན་ཡིན།།

དགེ་བ་ཡུང་འབྲུ་ཚོད་ཅིག་འཚོལ་མཁན་ཡིན།།

སྒྱུ་མའི་རྟ་གླང་ཆུ་ཁར་འདེད་མཁན་ཡིན།།

དངུལ་གྱི་སོ་མང་ཨ་མར་སྐུར་མཁན་ཡིན།།

ཆོས་ལ་དད་པ་རྩེ་གཉིས་བྱེད་མཁན་ཡིན།།

རང་ལ་སྙན་ངག་དུ་བརྒྱ་འབྲི་མཁན་ཡིན།།

                                     ༢༠༡༤  ༡༢  ༥ཉིན།

         བག་ཉལ་གྱི་རྒྱབ་རོལ།  སྙན་ཚོམས།

                                   ༡

རི་རྩེ་ན་འབར་བཞིན་པའི་མེ་ལྕེ་དམར་ཧང་ཧང་བ་དེ།།

སེམས་ཀྱི་ཅི་ཞིག་ཁོ་ནས་ཇེ་ཆེ་ཇེ་ཆུང་དུ་གཏོང་ཐུབ།།

ངས་རང་གི་དབུགས་ལ་ཁ་ལོ་སྒྱུར་བ་བཞིན་སེམས་བཏུལ་བས།།

རི་མགོའི་མེ་ལྕེ་ངའི་ཚོད་འཛིན་བཞིན་བོངས་ཚད་སྣ་ཚོགས་གྱུར།།

དེ་བས་ཁ་བ་དཀར་པོའི་ཁྲོད་ཀྱི་ངེད་ཀྱི་སྡེ་བ་ཡི།།

ཁྱིམ་ཚང་ཞིག་ཏུ་བདག་གིས་སེམས་ནི་སྟོབས་དང་ལྡན་འདུག་སྨྲས།

                 ༢

ཕྱི་གླིང་བ་ཞིག་རང་གི་ཨམ་ཕྲག་ནས།།

ལྷག་ལྷག་འོད་ཟེར་འཕྲོ་ཞིང་སྤྲིན་གྱིས་ནི།།

ཅུང་བཀླུབས་ཉི་མ་ཆུང་ཞིག་རབ་བླངས་ཏེ།།

ང་ཡི་ལག་མཐིལ་བཞག་སོང་ངས་ཀྱང་དེ།།

རྒན་པོ་ཞིག་གི་ལག་མཐིལ་བཞག་ནས་ནི།།

སྤྲིན་བསྣན་ཆུ་ཡིས་གསོས་ནི་བཏབ་གྱུར་ཚེ།།

རྒན་པོའི་ལག་མཐིལ་པདྨ་ལྟར་གས་ཤིང་།།

དེ་ལས་ཉི་མ་ཡི་ནི་དུམ་བུ་དག །

མཚན་མོའི་ཀློང་དུ་ཟགས་ཤིང་མཚན་མོ་ཡི།།

གཏམ་རྒྱུད་ཕྱལ་ལེ་བ་འགའ་འགྲུབ་པར་བྱས།།

                        ༣

ངས་ནི་རང་གི་སེམས་གཏིང་གི །

སྤྱང་ཀིའི་མཐོང་སར་མཐོང་ཙམ་གྱིས།།

དད་པ་འཆོར་སའི་མཆོད་རྟེན་ཞིག །

བཞེང་འདོད་དེ་ཡི་བདག་པོ་ལ།།

བདག་མེད་དྭ་ཕྲུག་ཅིག་བསྐོ་འདོད།།

དེ་ནི་ཆུ་ལ་ལྷུང་བ་ཡི།།

ཉི་འོད་ཀྱི་ནི་མདུད་པ་འདྲ།།

མཆོད་རྟེན་འཁྲིས་ལ་མི་ཚོགས་དང་།།

མི་ཚོགས་དཀྱིལ་ལ་ས་རྡུལ་དང་།།

ས་རྡུལ་ལས་ནི་རླངས་འཁོར་དང་།།

རླངས་འཁོར་ལས་ནི་ཁ་ཆེ་པ།།

སྤྱང་རྙི་ཐོགས་འགའ་འབྱུང་འཇུག་འདོད།།

ངས་ནི་རང་གི་འཆར་སྣང་གི །

ཚོ་བར་སྐྱེ་བོ་ཆ་མེད་ཅིག །

མངག་འདོད་དེ་ཡི་མི་རྒྱུད་དུ།།

བུད་མེད་ལས་ངན་ཞིག་བཙའ་འདོད།།

དྭ་ཕྲུག་དེ་དང་བུད་མེད་དེ།།

བཤོས་ལས་ང་ནི་སླར་སྐྱེ་སྟེ།།

སྙན་ངག་ངང་བའི་རྒྱལ་པོ་ནི།།

མཆོད་རྟེན་དེའི་རྩེར་འཕུར་འཇུག་འདོད།།

ཚུལ་དེ་གཏམ་དང་ཟེའུ་འབྲུ་དང་།།

སྐྱེ་བ་གཏན་གྱི་བུ་ལོན་ཡིན།།

དཔེར་ན་གུར་ཀུམ་ལི་ཁྲི་དང་།།

མཚམས་སྤྲིན་གསུམ་གྱི་ཁྱད་པར་རམ།།

དེ་དག་ཁྱད་པར་མེད་འདྲ་འོ།།

                 ༤

དེ་རིང་ཐང་ཚང་མ་མིག་གིས་གང་འདུག །

བདག་གི་མིག་ཀྱང་དེ་ཡི་ཁྲོད་སླེབས་འདུག །

མི་ཚང་མས་ཤར་གྱི་ཕྱོགས་སུ་བལྟས་འདུག །

ཤར་ཕྱོགས་ནི་གྲུ་བཞི་བརྒྱས་བྱས་པ་དེའོ།།

དེ་རིང་ལྷ་འགའ་ཞིག་ཤི་བར་གྱུར་ཏེ།།

རུས་པ་ཚང་མ་མུན་ནག་གིས་བཏུམས་འདུག །

ང་ཡི་ཁ་པར་ནང་གི་འདྲ་པར་ཞིག །

ཆུ་འམ་ཅི་ཡིས་རློན་པར་བཏང་བྱུང་།།

                       ༥

གླང་ཆེན་ཕྲུ་གུ་འབུམ་ཕྲག་ཅིག །

དཀར་སེང་འགྲོ་ལྟ་མཆིས་པ་དེ།།

སྤྲིན་ནོ་དེའི་ལོགས་ཉི་མ་དང་།།

མཚུངས་པར་རྒྱུ་གང་ཉི་མ་འོ།།

དེ་གཉིས་བར་དུ་ཆུ་བོ་ནི།།

བཞི་འབབ་བཞི་ཡི་གཅིག་གི་ནི།།

མགོ་ཁུངས་ལ་ངའི་སྒྲུབ་ཕུག་དང་།།

གཞན་གསུམ་མགོ་ཁུངས་མེ་ལྕེ་དང་།།

མེ་དཔུང་དང་ནི་མེ་མདག་ཡོད།།

དེ་དག་རེ་རེ་སྡེ་བ་རེ།།

ཡིན་ཞིང་ཁྱི་སྐད་ལྷང་ལྷང་གིས།།

བྲག་ལ་མཆེད་ཅིང་བྲག་ཅ་ཡིས།།

ཁ་བའི་གཞི་ལ་འཕག་འཚག་བྱེད།།

 རླབས་སྒྲའི་རྩོམ་དབང་གཞན་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།