བདའ་ཚང་སྙེམས་གྲོལ་གྱི་སྙན་ངག་ཆེད་འགོད།

623

  


        [  བདའ་ཚང་སྙེམས་གྲོལ།  དངོས་མིང་ལ་འཇིགས་མེད་རྒྱ་མཚོ་ཟེར།  ༡༩༩༠ ལོར་མང་རྫོང་དུ་སྐྱེས།  ༢༠༠༧ ཙམ་ནས་སྒྱུ་རྩལ་གྱི་སྨིག་རྒྱུ་སྙེག་པའི་མྱ་ངན་ཐང་གི་རི་དྭགས་ཤིག་ཏུ་གྱུར།  ད་ལྟའི་བར་« སྦྲང་ཆར » དང་།  « གངས་རྒྱན་མེ་ཏོག » « མི་རིགས་ཀྱི་རྩོམ་རིག » « ཟླ་ཟེར » སོགས་དྲ་ཚགས་དེབ་གསུམ་དུ་སྙན་ངག་མང་དུ་སྤེལ།  ]



      ༈ དཔེ་འཁོར་ལོ་མ།


མི་ཡི་རྟ་ཁ་རང་གིས་དཀྱུ་བཞིན་དུ།།
སྲང་ཤུར་རེ་རེ་ཕུ་བརྟོལ་མདའ་བརྟོལ་བྱེད།།
རླུང་གི་སྤུར་གྲི་རྐང་ལ་ཟུག་ཐེངས་རེར།།
ལུས་ཀྱི་དཀྱིལ་འཁོར་འདར་ཞིང་འདར་ཞིང་འགྲོ།།
རླངས་འཁོར་རྒྱ་མཚོར་གནས་པའི་བྱོལ་སོང་སྟེ།།
གདོང་ཁ་འགྱེད་ཅིང་མི་ཡིས་རབ་ཏུ་འཁོལ།།
སྒྲ་དབྱངས་ཆལ་མ་ཆོལ་གྱིས་མི་སེམས་གསོད།།
ཇ་ཁང་ཁོ་ན་ཡིད་ཀྱི་གསོས་སྨན་ཉིད།།

                            ༢༠༡༤ – ༡ – ༢༤ ཟི་ལིང་།

        ༈ དེ་ནས།


དང་པོ་མི་དང་སྒྲུང་གི་བག་ཆགས་ཙམ་མོ།།
དེ་ནས་འོད་ཟེར་འབར་བའི་ཡིག་འབྲུ་ཞིག་གོ།
དེ་ནས་ཉི་རྩེ་ཕོག་པའི་རི་མགོ་ཞིག་གོ།
དེ་ནས་སྤྲུལ་བ་བཤིག་པའི་ལྷ་མོ་ཞིག་གོ།
དེ་ནས་སྙིང་རུས་ན་བའི་སྒྲུང་གཏམ་ཞིག་གོ།
དེ་ནས་ངོ་མདོག་ལོག་པའི་ནད་པ་ཞིག་གོ།
དེ་ནས་སེར་ཐག་ཆོད་པའི་རྩྭ་ཐང་ཞིག་གོ།
དེ་ནས་གྲུ་ཆར་འབབ་པའི་མཚན་མོ་ཞིག་གོ།
དེ་ནས་གཟེར་བྲེང་བྲང་གི་དད་པ་ཞིག་གོ།
དེ་ནས་དཀར་སིང་སིང་གི་རི་དྭགས་ཤིག་གོ།
དེ་ནས་ཆུ་མཐའ་བསྐོར་བའི་ངང་བ་ཞིག་གོ།
དེ་ནས་མིག་ཆུ་འཕུད་པའི་བུ་མོ་ཞིག་གོ།
དེ་ནས་གཙུག་ཕུད་མཛེས་པའི་རྨ་བྱ་ཞིག་གོ།
དེ་ནས་གངས་རི་ཁུར་བའི་རྒྱ་མཚོ་ཞིག་གོ།
མཇུག་མཐར་སྙན་ངག་འབྲི་བའི་གྲྭ་རྐྱང་ཞིག་གོ།


                                           ༢༠༡༥ • ༡ • ༢༦

            ༈ དྲི་བ།


འོད་ཟེར་ལྗང་ཁུ་འཕྲོ་བའི་མིག་ཆུ་ཞིག།
མདུད་པ་གསུམ་གྱིས་ང་ཡི་གདོང་ལས་ལྷུང་།།
ས་རྡུལ་ལོང་ལོང་ཉི་ཟེར་བྱེ་བ་འཕྱོ།།
དེ་ཡི་དཀྱིལ་ལ་ལྷུང་ངམ་སྙིང་ཉེ་ཚོ།།
འོད་ཀྱིས་ཐིག་ལེ་འབྲི་བའི་ཟླ་བ་ཞིག།
བསྐོར་བ་གསུམ་གྱིས་ང་ཡི་མཁའ་ལ་བཀྲ།།
སྐར་མ་རབ་རིབ་སྤྲིན་པ་མཐའ་ཡས་རྒྱུ།།
དེ་ཡི་ནང་ནས་འཆར་རམ་བློས་ཐུབ་ཚོ།།
སེམས་ཀྱི་ཆུ་ལ་ཤར་བའི་ངོ་བྱད་ཅིག།
སྡུག་བསྔལ་གསུམ་གྱིས་ང་ཡི་ཡིད་ལ་འཁོར།།
འདས་དོན་ཡད་ཡུད་བརྗེད་བྱང་མང་པོ་འབྱུང་།།
དེ་ཡི་གསེབ་ཏུ་ཡོད་དམ་ན་མཉམ་ཚོ།།
                                                 ༢༠༡༥ • ༡ • ༢༧


 ༈  ནམ་ལང་ཁར་འདི་འདྲ་ཞིག་རེད།


སེམས་སྨྲེང་བས་བསྐོར་དོན་ལོས་ཡོད་དེ།།
ནམ་ལང་ཁའི་ཤར་ཕྱོགས་ཆུ་དང་མཚུངས།།
བྱ་གྲག་གྲག་ཚང་མར་ངུ་སྐད་འཆོར།།
ཤིང་རྩི་མགོ་ཡོད་ཚད་ཟིལ་བ་རེད།།
ཐང་གྲུ་བཞི་ཐམས་ཅད་མུན་པ་རེད།།
མིག་རྫི་མ་ཕྱེ་ན་སྐར་མ་རེད།།
དགུང་ཚེས་རིས་ཕྱེད་མའི་ཕྱེད་མ་རེད།།
ལྷ་ལྷ་མོའི་དུས་ཆད་འཇའ་ཚོན་རེད།།
འདྲེ་མེ་འབུད་སྐད་ཆ་སྨུག་པ་རེད།།
                 

                                                    ༢༠༡༥ • ༡ • ༣


     ༈ སྒྱུ་མའི་ཤིང་སྐམ་སྦར་ན།


ཆུ་དང་ཆུ་ཡིས་ཟིན་པའི་སྐབས་དང་།།
མཁའ་དང་མཁའ་ཡིས་ཁྱབ་པའི་མཚམས་སུ།།
ལྷ་མོ་རྣ་ཆ་ཁྲ་འཚུབ་བེ་ཞིག།
ཕྱེད་གསལ་ཕྱེད་མི་གསལ་བའི་མིག་གིས།།
དཀར་ནག་འོད་ཀྱི་སྐུད་པ་བཀལ་ཏེ།།
ཐང་ཆེན་པད་མ་འདྲ་ཡི་དཀྱིལ་གྱི།།
རྩྭ་རྩེའི་གློག་དམར་འཁྱུག་པ་དེ་དང་།།
བྱང་རླུང་རུས་ལ་ཟུག་པ་དེ་དང་།།
གྱང་ངོ་མུན་པ་བཞུར་བ་དེ་དང་།།
མགོ་ན་བཀྲག་མདངས་རྒྱས་པ་དེ་དང་།།
རྡོ་ཐོག་བྱིའུ་ཆུང་ཁྲ་མོ་དེ་བཅས།།
བ་ལང་ཞིག་གི་སྤུ་གྲངས་རེད་ཟེར།།
སྐབས་དེར་བྱིས་པ་ལྷམ་མེ་བ་ཞིག།
ང་ཡི་མདུན་དུ་ལྷགས་པ་བྱུང་ཞིང་།།
བྲོ་ནད་ཟུག་རྔུའི་སྐད་ཀྱིས་མིན་པའི།།
སྨོན་ལམ་ལྷང་ལྷང་འདེབས་པ་ཐོས་སོ།།

༈  ཚོར་བ་ཤིང་ལྟར་གསིལ་ཚེ།


ཨ་མའི་སྐྲ་ཡིས་རྒས་པའི་སྙན་ཚིག་འབྲི།།  
སྤྲིན་པ་ཆུ་དང་ཨ་མཉམ་བྱས་ཏེ་འབབ།།  
འུར་རྡོ་འདྲེན་པའི་རྫི་བུ་ག་ཚོད་ཀྱི།།  
མིག་གི་མཐའ་ན་གྲིབ་མ་ག་ཚོད་འཕྲོ།།  
ཨ་རྒྱུད་ཡང་རྒྱུད་བྱས་པའི་ལམ་ངོགས་སུ།།  
སྐེ་བརྒྱ་བཅད་པའི་ཤི་བོ་གྲངས་མི་ཆོད།།  
མཐོན་པོ་རྒྱལ་བོ་དམའ་མོ་ཨ་སྡུག་དང་།།  
རྨ་བྱ་སྔོན་མོ་བྱ་རོག་ནག་པོའི་ལུས།།  
བྲིས་ཀྱིན་བྲིས་ཀྱིན་སྨིག་རྒྱུའི་ཆུ་བོ་དང་།།  
བསྐལ་བའི་མཐའ་ནས་ཚེས་པའི་ཟླ་བ་དང་།།  
ལ་ཁའི་སྐར་མ་ད་དུང་རི་རྒྱབ་ཀྱི།།  
གྲོང་དང་གྲོང་ཚོ་བྱེ་བ་དྲན་ཞིང་འོང་།།    

      
                         ༢༠༡༤  •  ༡༢  •  ༢༦

 ༈ ཚིག་ལ་བསྐོར་བའི་སྙན་ཚིག

ཁ་བའི་གསེབ་ཀྱི་དུ་བ་ཡིས།།  
ཟླ་བའི་ངོས་ཀྱི་དཀར་ཆ་ཡིས།།  
གྱང་ངོར་ཤར་བའི་སྨིག་རྒྱུ་ཡིས།།  
ཤེལ་སྒོའི་ངོས་ཀྱི་ར་རི་ཡིས།།  
ལྗོན་པའི་འགབ་ཀྱི་གྲིབ་མ་ཡིས།།  
བྱི་འུའི་ཁ་ཡི་སྨྲེང་བ་ཡིས།།  
ཐག་པ་བརྒྱ་ཡི་ཐག་སྣེ་ཡིས།།  
དམྱལ་བའི་དགུན་ལྗོངས་དྲན་པར་བྱེད།།  
ཆུང་འདྲིས་མི་དག་གསལ་བར་བྱེད།།  
དབྱངས་ཅན་མ་ཡང་མཐོང་བར་བྱེད།།  
ཚེ་རབས་སྔུན་མ་རྟོགས་པར་བྱེད།།  
ཨ་མའི་ཞལ་རས་འབྲི་བར་བྱེད།།  
ཐག་རིང་མི་དེ་ཉེ་བར་བྱེད།།  
དགྲ་གཉེན་བར་གསུམ་འདུམ་པར་བྱེད།།

 

རླབས་སྒྲའི་རྩོམ་དབང་གཞན་གཞན་གྱིས་དགོལ་བར་མི་བྱའོ།།

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།