ས་དམར་གྲགས་པའི་སྙན་ངག་འགའ།

311

 

rrr.jpg

 


        ས་དམར་གྲགས་པའམ་གྲགས་པ་རྒྱ་མཚོ། ལོ་རབས༨༠བའི་ནང་དུ་མདོ་སྨད་ཅོ་ནེ་ས་དམར་དུ་སྐྱེས། ཆུང་དུས་ནས་དམངས་གཞས་དང་གླིང་སྒྲུང་ལ་སོགས་རྒྱུན་པར་ཉན་རྒྱུ་དགའ་བའི་བག་ཆགས་ཀྱི་དབང་གིས་ལག་ཆགས་རྗེས་སྙན་ངག་གསར་རྩོམ་གྱི་ལས་ལ་ཞུགས་སྟེ«ཟླ་ཟེར»དང«གངས་རྒྱན་མེ་ཏོག»གཙོས«སྦྲང་ཆར»«བོད་ཀྱི་རྩོམ་རིག་སྒྱུ་རྩལ»«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»«མཚོ་སྔོན་བོད་ཡིག་གསར་འགྱུར»«བོད་ལྗོངས་རྩོམ་རིག»སོགས་སུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་སྙན་ངག་གཙོ་བྱས་པས་བརྩམས་ཆོས་བརྒྱ་ཕྲག་གསུམ་ལ་ཉེ་བ་ཙམ་ཞིག་སྤེལ་མྱོང་།  སྔ་རྗེས་སུ་སྐབས་གསུམ་བའི«ཟླ་ཟེར»རྩོམ་རིག་བྱ་དགའ་དང་།  སྐབས་དང་པོའི«དེང་རབས་བོད་ཀྱི་ན་གཞོན་རྩོམ་པ་བོའི་མཚན་སྙན»སོགས་ཐོབ།  ]


 

     ཚིག་གི་ལོ་མ་སྒུལ་ཚུལ།

རླུང་བུ་བསིལ་བསིལ་ལྡང་ཚུལ་ལས
ངས་ལོ་མ་རྐང་གཅིག་དྲན་བྱུང
ལོ་མའི་ངོས་ཀྱི་ཟིལ་བ་ཆུང་ཆུང་དེ་དག་དྲན་བྱུང
ས་རྡུལ་ལྟ་བུའི་ཟིལ་བ་སྙིང་རྗེ་བོ་དེ་དག
ཉི་མས་འཚིག་འགྲོ་སྲིད་དམ་སྙམ་བྱུང

ལྷ་ས   ལོ་མ་རྐང་གཅིག་ལྟ་བུའི་ལྷ་ས
ཡང་ན་རྡོ་བ་དང་འདམ་གྱིས་གཡོགས་པའི
ཉི་འོད་དང་འཇའ་རིས   
མཚན་གཞུང་དུ་ངུ་སྐད་ཤོར་བའི་སྐར་མ་ཆུང་ཆུང

སྒེའུ་ཁུང་ནས་ཐད་དུ་བལྟས་ན
མཆི་མའི་སྣེ་ལ་ཐོགས་པའི་བུམ་པ་རི་རྒས་འདུག་ལ
སྐྱིད་ཆུ་ཟེར་བའི་བུ་མོ་དེའང་ངུས་ཚར་འདུག
ལྷ་སྒྲུང་གི་མཚོ་ཁར་གཡེང་པའི
གཙུག་ལག་ཁང་ཁོ་ནས
པོ་ཏ་ལའི་ལོ་མ་སྒུལ་གྱིན་འདུག

བར་སྐོར་ན་ས་ལ་ཟགས་བཞིན་པའི
གསེར་གྱི་སྒྲོག་གུ་ལྟ་བུའི་མིག་ཟུང་འདི་དག
ཇོའི་མདུན་དུ་བསྒྲོན་པའི་མར་མེ་རེ་རེ་དང་འདྲ་བར
རེ་རེ་ལ་འདབ་མ་རེ་རེ་ཡོད་སྲིད་མོད
རླུང་བུ་གཡུགས་རྗེས   ལོ་མ་ཡོད་དམ
ངག་གི་གཞོབ་དྲི་ཉམ་ཆུང་དེའང་རྫོགས་ལ་ཉེ་པས
ལྷ་ས   འདྲ་པར་ཞིག་གི་ངོས་སུ་བརྐོས་ཡོད

                 ༢༠༡༤ ༨༢༡ཉིན་ལྷ་སར་གྲུབ།


      ངེད་གཉིས་ཀྱི་གསང་གཏམ།


 སྟོན་རླུང་གིས་ཉི་མ་རི་རྒྱབ་ཏུ་ཤུགས་ཀྱིས་དེད་རྗེས
ལམ་འགྲམ་དུ་ཤེལ་ཆག་བཞིན་ཐོར་བའི
ཉི་འོད་ཀྱི་སྙིགས་རོ་དག་ནམ་མཁར་ཡལ་སོང

ངས་མཚན་མོ་རེ་རེ་བཞིན་དུ
ཟླ་འོད་གྱོན་པའི་བུ་མོ་ཞིག་དྲན་བཞིན་ཡོད
ཆར་ཟིམ་ཟིམ་ཞིག་བབས་པས
ཆུ་ཐིགས་འཇམ་པོ་རེའི་བར་གསེང་ནས
མིག་ཤེལ་གྱི་སྒྲོམ་གཞི་ཟླ་འོད་ཀྱིས་བརླན་སོང

བར་སྐོར་ནས་ཕར་ལ་སོང་ན་ག་བ་རེད
ཐར་བའི་ལམ་ལས་སྒྲོལ་རྗེས
ཁྱོད་ཀྱི་སྙིང་རྩ་རུ་ཟུག་པའི་ཚེར་མ་དེ་ང་ཡིན་ནམ
སྙིང་ཉེ   ང་རང་སྐྱིད་ཆུའི་ངོགས་སུ་ཉལ་ཏེ
ཁྱོད་ཀྱི་སྐྲ་ལོ་ལྡག་བཞིན་ཡོད

ལོ་མང་འགོར་བའི་རྗེས་སུ
བྱིས་པ་གཉིས་ས་འདི་ནས་མཉམ་དུ་འགྲོ་སྲིད
ངེད་གཉིས་ཀྱི་རྒྱབ་གཟུགས་གྱོན་ཏེ
ཨ་ཕ་དང་ཨ་མའི་མིང་ནས་འབོད་སྲིད
སྐྲ་ལོ་ཁ་བ་བཞིན་ལོ་ཟླས་བཞུས་ཚར་ན
ངས་ཁྱོད་ལ་དངུལ་གྱི་འཛུབ་དཀྲིས་ཤིག་སྤྲད་དེ
མི་ཚེ་རྗེས་མར་ཆུང་མ་སློང་ན་འདོད

                    ༢༠༡༤ ༨༣༠ཉིན་དབུས་སུ་གྲུབ།

 

     དེ་རིང་།  ཁྱོད་ཀྱི་དུས་ཆེན་ཡིན།                           

 

ཉིན་མོ་འདིར ངས་ཁྱོད་རང་དྲན་སྲིད

ཉི་འོད་ཀྱི་འཛུམ་མདངས་ཁྲོད་ནས་ཁྱོད་རང་དྲན་སྲིད

 ཉིན་མོར་འདིར་ང་གཅིག་པུ

རྒྱང་རིང་གི་རི་བོ་ཆེན་པོ་ཞིག་གི་རྩེ་མོར་ཉལ་ཏེ

དྲན་པའི་རྟ་ཕོའི་སྲབ་མདའ་འཛིན་དགོས

ཁྱོད་རང་དྲན་དྲགས་པས དེ་རིང་ངས་མང་པོ་ཞིག་དྲན་བྱུང 

དེ་རིང ཁྱོད་ཀྱི་དུས་ཆེན་ཡིན་པས

འོད་སྣང་གིས་འཇིག་རྟེན་བསྐྲུན་པའི་ཉིན་མོ་ཡིན

སྐྱིད་སྣང་གི་བདེ་བ་ཁྱོད་ཀྱིས་རྟོགས་དགོས

གསེར་འོད་ལམ་ལམ་གྱི་དེ་རིང

ཁྱེད་ཀྱི་ལུས་སེམས་འོད་ལ་བཅོལ་ཏེ

ལྷོད་ལྷོད་བཞུགས་ཤིག སྙིང་ཉེ་བའི་མི་ལགས

 ཉིན་མོ་འདིར ངས་ཁྱོད་རང་དྲན་སྲིད

ཉི་འོད་ཀྱི་འཛུམ་མདངས་ཁྲོད་ནས་ཁྱོད་རང་དྲན་སྲིད  

                            ༢༠༡༤  ༩ ༡༩ཉིན་གྱི་ཞོགས་པར་གྲུབ།   

གྲོགས་པོས།  ཁྱོད་ཀྱི་མིང་ལ་ཆུང་མར་འབོད།                                                        

     

འཇིག་རྟེན་ལ་མ་གཞི་ནས་ཁ་དོག་ཅིག་མི་འདུག

ཐ་ན་ཉི་འོད་ལའང་ཁ་དོག་མི་འདུག

དུས་ཚོད་ཀྱི་རྭ་ཁ་རྐང་རྗེས་ཀྱིས་བཞུས་པ་ནས

དྲན་གདུང་ནི་མུན་ཁྲོད་དུ་མྱུལ་བྱེད་ཀྱི་པ་སེ་ཞིག

 ངས་གྲོགས་པོའི་མིང་ལ་གྲོགས་པོར་འབོད་པ་བཞིན

གྲོགས་པོས   ཁྱོད་ཀྱི་མིང་ལ་ཆུང་མར་འབོད

འཆི་བས་ཁྱོད་ཀྱི་ངག་སྒོ་བསྡམས་པ་ནས

ཁྱོད་ལ་ད་གཟོད་ཁ་དོག་གཞན་ཞིག་ཡོད་པ་ཚོར 

ལོ་ཟླ་གྲོགས་པོ་བཞིན་ཕར་ལ་སོང་རྗེས

ཁྱོད་ཀྱི་མིག་མཐའི་མཆི་མས་ང་རང་བརླན་སོང

ཆུང་མ་ནི་ཆུང་མ་ཁོ་ན་མ་ཡིན་ཏེ

ཁྱོད་ནི་ཨ་མ་གཞན་ཞིག

མི་ཚེ་འོད་ལ་བཅོལ་མཁན་གྱི་ཨ་མ་ཞིག

 ངས་ཁྱོད་ལ་ཅི་ཡང་བཤད་མི་ཕོད

རྒྱང་ཐག་གིས་ང་རང་རྒྱང་རིང་གི་རྒྱང་རིང་ལ་དེད

ཆུ་བོའི་ཕར་ངོགས་ནས་རྩྭ་སྐྱ་རླུང་གིས་ཁུར་དུས

ཁྱོད་ཀྱི་སྐྲ་ལོ་གཏེར་སྐུད་འདྲ་བོ་དེ་ཐོར་གྱི་འདུག་པས

མིག་གི་མཆུ་མས་ངག་གི་སྒོ་མོ་མཇར་སོང

ཁྱོད་ཀྱིས་བཟོད་པར་མཛོད་ཅིགགྲོགས་པོས 

ཁྱོད་ཀྱི་མིང་ལ་ཆུང་མར་འབོད་པ་བཞིན

ང་ཡིས་ཁྱོད་ཀྱི་མིང་ལ་ཨ་མ་འབོད                                   

༢༠༡༤ ༧ ༢༠ཉིན་ཕ་ཡུལ་ས་དམར་དུ་གྲུབ།    

  རླབས་སྒྲའི་རྩོམ་དབང་གཞན་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།