རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་ངག

406

IMG_5854.JPG

           འཕྲུལ་བ།    


ཏོག་ཙམ་སེམས་སུ་མ་བྲིས་པ་ཞིག།
ལག་པའི་ནང་གི་རི་མོ་ཡིན་ཤག།
རི་མོ་དེ་ལ་ཐེམ་པ་སུམ་བརྩེགས།།
ཇ་ཕོར་ནང་གི་ཚེས་རིས་ཡིན་སོང་།།
སྒེའུ་ཡོལ་ངོས་ཀྱི་གྲིབ་རིས་ཡིན་སོང་།།
གཙང་བོའི་ཀློང་གི་གསེར་ཉ་ཡིན་སོང་།།

ཟགས་པའི་ཆུ་ཐིགས་མ་ཟིན་པ་ཞིག།
རྡེ་འུ་ཡིན་ན་བླ་རྡེའུ་ཡིན་འོས།།
གཟི་ཁྲ་ཡིན་ན་དར་གྱིས་ལྕིབས་འོས།།
འཐག་ར་རིན་ཆེན་སྒང་ལ་འབབ་པའི།།
མིག་ཆུ་ཡིན་ན་གང་གིས་འབྱིད་འོས།།

གྲུ་ཆུང་འདྲ་ཞིག་ཤོང་ས་མེད་ཅིང་།།
སྟོང་ཉིད་འདྲ་ཞིག་ཤོད་ས་མེད་པའི།།
མེ་ཏོག་དང་མཚུངས་རྨི་ལམ་ཞིག་ལ།།
སིལ་སིལ་རྐང་གདུབ་འཁྲོལ་བའི་གསང་བ།།
རིག་སྔགས་མཁན་པོ་སུ་ཞིག་ཡིན་ནམ།།


           མཐོང་ཐོས།


རྭ་ཅོ་ཡོམ་པའི་གྲོག་མ་དཀར་པོ་བར་དོ་གང་གི་སྐུ་མགྲོན་ལགས།།
ད་ལོའི་དབྱར་ཁར་ཚ་ཟེར་ཆེ་བས་ཁ་ཡང་སྐོམ་ལ་ལྟོ་འང་བཀྲེས།།
སུག་པ་མང་པོ་རུབ་རྒྱག་བྱེད་ཞོར་འཁོར་བ་ངན་ངོན་ཙམ་པོ་དེར།།
ཞེན་ཆགས་རྟ་རྔ་ཙམ་ཞིག་དྲུད་ནས་ལ་དགུ་ལུང་དགུ་བརྒྱུད་དེ་བསླེབས།།
ཁ་ཆུ་འཛར་བའི་ཤུལ་ན་བཞད་པའི་མེ་ཏོག་དེ་ནི་ད་དུང་ངུ།།

སྐྱིད་རྒྱུ་མེད་ལ་སྡུག་རྒྱུ་མེད་པའི་མིག་གི་འོད་མདངས་སེར་བོ་འདིས།།
ཁྲོན་པ་ཞིག་དང་ཀུན་ནས་མཚུངས་པའི་དེང་རབས་ཟེར་བའི་ལམ་ཕྲན་དུ།།
ཡི་གེ་མེད་པའི་རྡོ་རིང་ཀོག་པོ་ཆུ་འགྲམ་ཞིག་ཏུ་ལུས་པ་མཐོང་།།


           ཆད་མ་མཐུད་ཀྱི་སྣང་བ།


ནམ་གུང་བསླེབས་དུས་འདྲེ་ཡི་གྲིབ་གཟུགས་སྒོ་ཁར་མཐོང་བ་ཨེ་བྱུང་ཧེ་ཧེ།།
མགོ་བོ་སྔས་ལ་མ་བཞག་གོང་དུ་རྨི་ལམ་སེམས་ལ་བཏང་འོང་ཧེ་ཧེ།།
ཉིན་མོར་འདུ་འཛིར་གཡེངས་པའི་རྣ་བ་གཉིས་ཀ་ནད་ཀྱིས་གདུང་ངོ་ཧེ་ཧེ།།
མདུན་གྱི་མེ་ལོང་ནང་གི་མེ་ཏོག་ཐལ་བར་སོང་བའི་ཚུལ་དེ་ཧེ་ཧེ།།
གྱང་ངོར་བཀལ་བའི་དུས་ཚོད་ཆག་པོར་ཉིན་མཚན་གཉིས་ཀ་ནོར་འདུག་ཧེ་ཧེ།།
མིག་སྔར་འཁོར་བའི་སྦྲང་ཐལ་ནག་པོ་འཁོར་བའི་འདམ་ལ་བྱིང་འདུག་ཧེ་ཧེ།།

ཁ་རྩང་སྲང་ལ་འགྲོ་བའི་དུས་སུ་རང་གི་གྲིབ་མ་མགྱོགས་པོ་རེད་ཨང་།།
རླངས་འཁོར་སྐོར་བའི་སྐྱེ་བོའི་ཚོགས་རྣམས་དལ་བ་མེད་པར་གང་དུ་འགྲོ་ཨང་།།
ས་གཞི་འདི་ཡི་སྒལ་ཚིགས་མཁྲེགས་པོ་མགོ་རས་གློ་ཁ་ཞིག་དང་འདྲ་ཨང་།།

དགུན་ཁ་འདི་ནི་རུས་སྦལ་བཞིན་དུ་སྐོགས་ཤུན་སྟུག་པོའི་འོབ་ཏུ་ཡིབས་ནས།།
ང་ཡི་མི་ཚེའི་ཐག་པ་ལྟར་དུ་ལག་མགོར་དཀྲི་ཞོར་འཛད་ལ་ཉེ་སྐབས།།
ཁྱོད་ནི་ཆུ་བོའི་གཞུང་ལ་ཤོར་བའི་ཀོ་གྲུ་སྔོན་པོ་ཞིག་ལ་སྤྲུལ་ཤོག།
སྐྱེ་རྒ་ན་འཆིའི་འདམ་ལས་སྒྲོལ་བར་མིག་གི་འོད་ཟེར་མཐོ་རུ་བཀྱེ་ཤོག།


             ཆགས་འཇིག


རང་གི་རྐང་བ་གྲུ་རྫིངས་ཡིན་སྙམ་འཇིག་རྟེན་གཙང་བོའི་གཞུང་ལ་སྐྱོད།།
རླུང་གིས་བདས་པའི་དར་ལྕེ་ཁྲ་ཁྲར་ཡི་གེ་མང་པོ་ཉལ་དུ་བཅུག།
ལས་ཀྱིས་ངལ་བའི་སྒལ་ཚིགས་རིང་མོ་སྨུག་འགྱུའི་ཀློང་ལ་སིམ་ཉེ་དུས།།
བདག་གི་འདྲེན་པ་ཉི་མའི་མདངས་ཅན་ཁྱེད་རང་ད་ལྟ་གང་དུ་བཞུགས།།
ཁ་རྩང་སྣང་བར་འབྱམས་པའི་གསེབ་ཏུ་གླིང་བུའི་སྒྲ་ཞིག་ཨེན་ཙམ་ཐོས།།
དེ་ནི་ཁྱོད་ཀྱིས་བདག་ལ་བསྩལ་བའི་དངོས་གྲུབ་སྐད་ཅིག་ཡིན་ལགས་སམ།།

བདག་ནི་རི་བོའི་ཟུར་ལ་བསྡད་ནས་མིག་ཟུང་ཡན་པོར་བཏང་བའི་སྐབས།།
ཧི་མ་ལ་ཡི་ཉི་ཟེར་རྒུམ་པའི་བྱེ་འུ་ཚོ་ཞིག་འཕུར་བའི་རྗེས།།
ལུས་ལས་སྐྱེས་པའི་བ་སྤུའི་ཚོགས་རྣམས་བགས་ཀྱིས་ལྡང་བའི་སྙན་ངག་ཅིག།
གྲེ་བའི་སྒྲོག་གུ་ལྷོད་པའི་མཚམས་སུ་གློ་བུར་གཙང་བོ་བཞིན་དུ་བབས།།


           མེ་ལོང་དང་ངོ་གདོང་།


མཚམས་མེད་ཚིགས་མེད་ཀྱི་བར་སྣང་འདི་ན།།
སྐར་མ་སྐྲག་ཤོར་ཚོ་འདར་ནས་ཤི་དུས།།
དགུན་གྱི་ཁྲོས་རྟགས་ཤིག་ཡིན་ནམ་སྙམ་ནས།།
སྒེའུ་ཁུང་ཡོལ་བ་འདི་འཐེན་དགོས་བྱུང་ཡང་།།
ཕྱི་རོལ་འདུ་འཛི་ཡི་སྨུག་ལོང་ཁྲོད་དུ།།
གསལ་ལ་མི་གསལ་གྱི་དབྱངས་རྟའི་ཟོམ་ལ།།
མེ་ལོང་ནག་པོ་ཞིག་གདོང་ལ་ཕྱོགས་ནས།།
སྐྱོ་ཡུས་སྟོང་ཕྲག་གི་མཛེས་སྡུག་བྱོ་འོ།།

 

        རྨི་ལྟོས།


བྱེ་མའི་ཕུག་པ་བརྡིབས་འདྲ་བའི།།
རྨི་ལམ་ནང་གི་རྨི་ལམ་ཞིག།
འཆི་བ་འདྲ་བའི་རྨི་ལམ་ཞིག།
སྒྱུ་མའི་རྟ་ལ་ཞོན་པའི་ཉིན།།
རླུང་བུ་རྐང་བའི་འོག་ན་འགྱུ།།
གླུ་སྐད་གཙང་བོའི་གཞོང་ན་ཁུར།།
ཀོ་གྲུ་ལྟ་བུའི་མི་ཚེ་འདི།།
བ་སྤུ་བཞིན་དུ་གཉོམ་ཞིང་ཡང་།།

ཕ་གིའི་ལོགས་སུ་ཉི་འོད་ཚ།།
ཚུར་རོལ་ལོགས་སུ་ཟླ་འོད་འཁྱག།
ལྷ་སའི་ཡུལ་ནས་བསྐྱུར་བ་ཡི།།
གཡུ་ཐོག་ལམ་གྱི་མེ་ལོང་དེ།།
ཟད་པའི་མཐའ་ལ་གཏུགས་ན་འང་།།
རྨི་ལམ་ནང་གི་རྨི་ལམ་ཡིན།།

 

  རླབས་སྒྲའི་རྩོམ་དབང་གཞན་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།