གཅན་ཆེད་འབར་གྱི་སྙན་ངག་སྐོར་ཞིག

328

ff.jpg

 


             གཅན་ཆེད་འབར།   དངོས་མིང་ལ་ཕག་མོ་དོན་གྲུབ་ཟེར།  སྤྱི་ལོ་༡༩༨༦ལོར་མཚོ་སྔོན་གཅན་ཚ་རུ་དུད་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས།   ༢༠༠༥ལོ་ནས་གསར་རྩོམ་གྱི་ལས་ལ་གཞོལ་ཅིང་ད་ལྟའི་བར་དུ་ལྗོངས་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་སྙན་ངག་དང་ལྷུག་རྩོམ། རྩོམ་རིག་དཔྱད་བརྗོད། འབོལ་རྩོམ་སོགས་རྩོམ་ཡིག་བཅུ་ཕྲག་གཅིག་གཉིས་ཤིག་སྤེལ།  ]


       འདམ་ལས་སྐྱེས་པའི་ཁྱེད།     འདམ་གྱིས་མ་གོས་པའི་ཁྱེད།

                                                                                            —– རྗེ་ཙོང་ཁ་པ་རྗེས་སུ་དྲན་པ།


ཐོག་མའི་ངུ་སྐད་ལ་ཧཱུཾ་ཡིག་གི་ཚན་ཁ་འབར་ཞིང

སེམས་ཀྱི་ངོ་བོ་འོད་གསལ་བ་དེ

སངས་རྒྱས་ཀྱི་ས་བོན་དུ་རྟོགས་པའི་ཁྱེད་ཀྱིས

སྲིད་པ་ལས་ངེས་པར་བྱུང་སྟེ

སྡོམ་ཁྲིམས་ཀྱི་བདེ་སྣང་ལ་མ་རུང་བ་དག་འཕངས་ཤིང

ཤེས་རབ་ཀྱི་སོ་ཁ་ལ་སྒྲིབ་གཉིས་རྣམ་པར་ཕྱར་ཏེ

དབུགས་ཀྱི་འབྱིན་རྔུབ་རེ་རེ

བྱེ་རྡུལ་གྱི་གྲངས་དང་མཉམ་པའི་སྐྱེ་འགྲོའི་དོན་དུ་བསྔོས་པ་ན

འདམ་ལས་སྐྱེས་པའི་ཁྱེད   འདམ་གྱིས་མ་གོས་པའི་ཁྱེད་ཀྱིས

སྣང་སྟོང་དབྱེར་མེད་ཀྱི་མཚན་ཉིད

སིག་སིག་གིས་འདར་དུ་བཅུག་སྟེ

གདོད་ནས་དྲི་བྲལ་གྱི་ཕང་བ་རུ

སྐྱེ་འགག་དང་ཡོ་གཟུར་མེད་པར་བཞུགས་འདུག་ཨང


        ཀེར་རེར་འགྲེང་པའི་སྐྱེས་བུ་དེ།
   
         

                                    ༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་རྗེས་སུ་དྲན་པ།


རི་ལུང་གིས་མ་ཁོགས་པའི་རླུང་གི་ཞབས་ཟུང་ཞིག

ཕྱག་སོར་གནམ་ལ་ཕྲས་ཙམ་གྱི་ཆོད་སེམས་ཤིག

སྤྱན་ནས་ཆབ་ལྟར་འཛག་གིན་པའི་ཡིད་ཆེས་ཤིག

འདི་དག་གིས        ཡང་དང་ཡང་དུ

ངའི་ཨ་འཐས་སུ་གྱུར་བའི་མིག་ལྕིབས

ངང་གིས་འབྱེད་ཀྱིན་འདུག་ཅིང

མངོན་སུམ་གྱིས་མཚན་མ་ཡོད་ཚད་རྨི་ལམ་དུ་ལྟ་ཤེས་པས

མི་ཁ་དང་སྡང་སྡིག་གི་གཉའ་ཤིང་འོག་ཏུ

ཁྱེད་ཉིད་ཞུམ་མེད་ངང་ཀེར་རེར་འགྲེང་ཡོད་ཨང

   ནམ་མཁའ་གཤོག་པས་གཤགས་པའི་རྒོད་པོ།                                        

                                                                              དཔལ་དོན་གྲུབ་རྒྱལ་རྗེས་སུ་དྲན་པ།


ཡུན་རིང་པོར    སྒུལ་མ་ཚུགས་པའི

སྲ་མཁྲེགས་ཀྱི་ཕ་བོང་ལྟ་བུའི་ནམ་མཁའ་དེ

ཁྱེད་ཀྱི་མཉེན་ལྕུག་གི་གཤོག་འདབ་ཀྱིས

ཚལ་བུར་བསིལ་པས

ང་ཚོའི་གཤོག་པ་ཡང་ཟོར་གྱིས་རྡེབ་ཆོག་པར་བྱས་ཤིང

ལྗིད་ཚད་ཀྱིས་མནན་པའི་བག་ཆགས་ལ

རིག་པའི་འདེགས་ཤུགས་ཀྱིས་

ས་གསེད་རྡོ་གསེད་བྱས་པས

ང་ཚོའི་བྲང་ཁོག་གི་རྒྱ་ཁྱོན་ཆེ་རུ་བསྐྱེད་ཡོད་ཨང

                        ༢༠༡༥ལོའི་ཟླ་བ་༡པོའི་ཚེས་༢༨ལ་བསྐྱར་བཅོས་བྱས།

          གཉིད་མི་ཁུག་པ་འདི།


གཉིད་མི་ཁུག་པ་འདི

གཉིད་མི་ཁུག་པ་འདི

དུས་ཚོད་ཀྱི་སྒལ་སྟེང་ནས་གཉིད་མི་ཁུག་པ་འདི

ག་རེ་ཡིན་ནམ    ག་རེ་ཡིན་ནམ

མིའི་རིགས་ཟེར་བ་འདི

གཏིང་ཟབ་པའི་མཚན་མོ་འདིའི་གྲོག་རོང་ནས

རང་རློམ་རྐྱང་རྐྱང་གིས་སྔུར་བ་འཐེན་པ་ནི

སྨག་རུམ་འདི་ཡང   མཐའ་ཡས་པའི་ནམ་མཁའ་ནས

གདུག་རྩུབ་རྐྱང་རྐྱང་གིས་གཅལ་དུ་ཉལ་བ་ནི

མཚན་མོ་འདིར་འགྲེ་ལོག་རྒྱག་དགོས་པའི་རྒྱུ་རྐྱེན་དེ་ཡིན་ནམ

ས་སྲོད་ཀྱི་དུས་སྐབས་སུ

བྱ་ཁྱུའི་རྗེས་མ་ཆོད་པའི་བྱེའུ་ཡིས་ཚང་མལ་རྙེད་ཡོད་དམ

ལམ་འགྲམ་གྱི་སྤྲང་པོ་དེས     ནུབ་ཚལ་ཞིག་རེག་ཡོད་དམ

ས་སྲོད་ཀྱི་དུས་སྐབས་སུ    ཐང་སྟོང་ན་ཡན་པའི་རི་སྐྱེས་རྨིག་ཅན་དེས

བདེ་འཇགས་ཀྱི་བཙན་ས་ཞིག་རྙེད་ཡོད་དམ

མ་ཎི་སྒྲེང་གིན་པའི་རྒན་རྒོན་དེས  ལམ་བུ་ཞིག་རྙེད་ཡོད་དམ

སང་ཉིན་གྱི་ནམ་མཁའ་དང་།   སང་ཉིན་གྱི་ས་གཞི་ནི

ད་དུང་བདག་དང་འགྲེལ་བ་ཡོད་པ་མཐའ་དག་ནི

མཚན་མོ་འདའི་སྔ་ལོག་གི    ང་དང་རྒྱུས་མངའ་ཡོད་པ་དེ་དག་ཡིན་ནམ

གཉིད་མི་ཁུག་པ་འདི

གཉིད་མི་ཁུག་པ་འདི

གངས་རི་དང་རྩྭ་ཐང་གི་འཛུམ་གོང་ནས་གཉིད་མི་ཁུག་པ་འདི

ག་རེ་ཡིན་ནམ    ག་རེ་ཡིན་ནམ

ཟླ་བའི་འཛུམ་ཟེར་དང་སྐར་མའི་བཀྲག་མདངས་ཀུན

མཚན་མོ་འདིའི་ལྟོ་བ་རུ་བདེ་བར་གཟིམས་ཡོད་ཨང་།

                                                         ༢༠༠༨ལོར།

     སྙན་ངག་གཅིག་མཇུག་སྡུད་ཚུལ་གཉིས།


དམག་མི་དང་དམག་མི་འཐབ་རེས་བྱས་ནས

ལག་ཆ་དང་ལག་འཛིང་རེས་བྱས་ནས

དེ་ནས     ཤོག་ཁག་བགོས་ཏེ

མངའ་འབངས་དང་མངའ་འབངས་གསོད་རེ་བྱས

དེ་ནས     དེ་དག་ཡོད་ཚད་རྡུལ་བཞིན་གྱུར

མཇུག་སྡུད་ཚུལ་དང་པོ།

ཤུལ་དུ་ཕོ་བྲང་གི་ནང་རོལ་ན

རྒྱལ་བོ་གཅིག་པུ་ལྷག་ཡོད

དེས་ན    རྒྱལ་བོ་དེ་རྒྱལ་བོ་ཞིག་ཡིན་ནམ

མཇུག་སྡུད་ཚུལ་གཉིས་པ།

ཤུལ་དུ   མཁར་ཆག་གི་རྡོ་ལེབ་ཅིག་གི་འོག་ཏུ

ཡིབས་ནས་ཡོད་པའི་མི་སེར་དཀྱུས་མ་དེ

རྒྱལ་ཁ་བླངས་ཟིན་པའི་ལྟར་སྣང་གི་དབང་གིས

རྒྱལ་བོ་ཞིག་བྱས་ན་ཆོག་གམ

                                                ༢༠༠༨ལོར།

 

  རླབས་སྒྲའི་རྩོམ་དབང་གཞན་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།