གཅན་མེ་སྟག་གི་སྙན་ངག་བདམས་བཀོད།

666


རྨི་ལམ་ཞིག་བསད་པ།

 

གཉིད་ལས་སད་ཐེངས་གཅིག་གིས
ངས་ཞོགས་པའི་རུམ་ཁ་རུ་བསྲིངས་བའི་ལག་པ་དེ
ཕྱིར་བསྐུམས་དུས
འབགས་ནས་ཉག་ཉོག་ཏུ་གྱུར་བའི་ཁྲག་ཐིགས་རེ་གཉིས
ངའི་ལག་པའི་རི་མོའི་ངོས་སུ་འབྱར་བ་མཐོང་བྱུང
ཡུན་རིང་ལ་བསམ་བློ་བཏང་རྗེས
ངས་ད་གཟོད
མདང་དགོང་འཁྱུད་ཅིང་འཁྲུགས་པའི

རྨི་ལམ་ཞིག་གི་མགོ་བོ་བཅད་པ་ཝལ་གྱིས་དྲན་འོང

 

ཕ་ཡུལ་དྲན་པ།

 

ཞོགས་པར
ངས་སྒེའུ་ཁུང་གི་ཤེལ་ཡོལ་ངོས་སུ་རླུང་བུ་ཞིག་བྲིས
རླུང་བུ་ལྡིང་ཐེངས་ཤིག་གིས
སྒོ་འགྲམ་གྱི་རྒྱ་ལྕང་ལོ་མ་ག་ས་ག་རུ་གཏོར
ལོ་མའི་རྩེ་རུ་ཆགས་པའི་ཤིང་བལ་གྱིས
ངའི་སྐྲ་ལོ་དང་ཕྲག་གོང་ཡོངས་སུ་དཀར་པོར་བསྒྱུར་དུས
ངས་རྒྱ་ལྕང་གི་ཡལ་གའི་སྟེང་དུ་ཁུག་རྟ་ཞིག་བྲིས
གླེན་རིག་རིག་གི་ཁུག་རྟས
ཡལ་གའི་རྩེ་ཡི་ཤིང་ཕྲན་དག་ཁམ་དུ་བཟུང་སྟེ
ངའི་སྒེའུ་ཁུང་གི་ལོགས་སུ
དཀྱིལ་འཁོར་དབྱིབས་ཀྱི་ཚང་མལ་ཞིག་བཟོས

ངས་ད་དུང་མུ་མཐུད་དུ་ཅི་ཞིག་འབྲི་འདོད
ཡིན་ན་ཡང
ངའི་སྒེའུ་ཁུང་གི་ཐེམ་པར་བཞག་པའི་མེ་ཏོག
དེ་རླུང་གིས་བཞད་དེ
ཞིམ་ཞིམ་གྱི་དྲི་མ ག་ས་ག་རུ་འཐོར་སོང
སྐྱུར་སྐྱུར་གྱི་དྲན་པ ག་ས་ག་རུ་འཐོར་སོང

 

 ཕྱི་ནང་།

 

གཙུག་ལག་ཁང་དུ
ཨོང་སྟེགས་ཤིག་རིག་ན་ཡང་ཐོད་པ་གཏུག་ལ
བསྐོར་ལམ་དུ
རྡོ་བ་ཞིག་རྙེད་ནའང་ཡར་སྒྲུག་པར་བྱེད

ཁྲོམ་བར་དུ་སླེབས་ཚེ
སྤྲང་བོ་ཞིག་རིག་ན་སྣ་ཁ་ཕུ་ཐུང་གིས་གཅོད་ཅིང
བགྲེས་མོ་ཞིག་ཐང་དུ་འགྱེལ་ན
མཛེ་བོ་བཞིན་རྒྱང་རིང་བསྐོར་ཏེ་འབྲོ

 

ཁ་སྤུ་གཞར་བ།

 

སྐབས་ནམ་ཞིག་ནས་བརྩམས་པ་མི་དྲན་ཏེ
ཞོགས་པར་མལ་ལས་ལྡངས་རྗེས
ཁ་སྤུ་འབྲེག་རྒྱུ་ནི
ཉིན་གཅིག་གི་བྱ་བ་ཐོག་མ་རུ་གྱུར་ཡོད

ད་ལྟའི་བར་དུ
སྤུ་གྲི་ག་ཚོད་ཅིག་དོར་ཟིན་པ་ཡང་མི་དྲན་ཏེ
བསམ་ཚོད་ཅིག་ལ
སྤུ་གྲི་དེ་དག་ཉར་ཚགས་བྱས་ཡོད་ན
ད་ལྟ་ནི་སྟ་གྲི་ལེབ་ཆེན་ཞིག་རྡུང་ཆོག་ཆོག་ཡིན་བསམ་བྱུང་།

ཡང་ན སྟ་གྲི་ལེབ་ཆེན་དེ་དང
མཆེ་གཙིགས་སྡེར་བགྲད་ཀྱི་ཁ་སྤུ་དེ་གཉིས་ནི
འཇིག་རྟེན་གྱི་མཚེ་མ་སྤུན་གཉིས་དང་འདྲ་བར
ཨ་འགྲོགས་ཆ་འགྲོགས་དེ་ལོས་ཡིན་སྙམ་མོད
སྟ་གྲི་ཞིག་གིས་ཁ་སྤུ་འབྲེག་རྒྱུ་ལས
ཆུང་ཞིང་ཡང་བའི་སྤུ་གྲི་དེ་སྤྱད་ན
འདྲེ་ངོ་འདིའི་ཁུག་ཀྱོག་དང་གཤོང་འབུར་ལོགས་ཀྱི
ཟིན་ཐབས་མེད་པའི་སྤུ་རྫོབ་དེ་དག་ཀྱང
རྩ་མེད་དུ་གཞོམ་ནུས་སོ་སྙམ་ན
སྣང་བ་ཞིག་ལ
སྤུ་གྲི་ནི་ཆེས་བདེ་འཇགས་ཅན་དེའོ་སྙམ་པར་བྱེད

 

སྨུག་པ།

 

མདང་སྨུག་པ་ཞག་གང་ལ་བབས་ཏེ
ཞོགས་པར ངའི་སྒེའུ་ཡང་ཕྱེས་ཐབས་མི་འདུག

སྨུག་པ་ནི་ཡིད་མུག་གིས་གདུང་བའི་སྐྱེས་པ་ཞིག་སྟེ
སྐྲ་ལོ་རིང་བོ་ཕྲག་རྒྱབ་ཏུ་གཡུག་ཙམ་གྱིས
ཐོ་རེངས་ནི་ཐོ་རེངས་དང
ཉི་འོད་ནི་ཉི་འོད་ཡིན་པའི་བར་མཚམས་དབྱེ་སྟེ
ཞོགས་པའི་ཁེར་རྐྱང་གི་ལག་པར
རྨི་ལམ་མིན་པའི་འཁྱག་གྲང་གི་རྡོ་བ་ཁོ་ན་སྤྱད

མལ་ལས་ལྡངས་བ་ནས
ངའི་ཡིད་བློང་བློང་བ་ཞིག་ཆགས་ཏེ
མིག་གིས་རང་གི་རྐང་སྣེ་ཁོ་ན་ལ་ཅེར་བའི་སྐྱེས་པ་དེ
སྨུག་པ་ལྕི་མོ་ཞིག་གིས་བཏུམས་པའི
ང་རང་ཉིད་ཡིན་ནམ་སྙམ

 

ཟླ་འོད་ཀྱི་མཐོང་སྣང་།

 

ངས་དེ་ནི
འོད་འཚེར་བའི་འཁྱག་རོམ་གྱི་གོང་བུ་ཞིག་རེད་འདོད
སྒོ་འགྲམ་གྱི་གྲིབ་མའི་ནང་སླེབས་དུས
ད་གཟོད་ཟླ་འོད་ཀྱི་དུམ་བུ་ཞིག་ཡིན་པ་ཚོར་སྟེ
ལག་པའི་བསྙབས་མ་ཐག
མཛུབ་བར་ནས་ཆུ་ཐིགས་བཞིན་ཟགས་འགྲོ་བའི
འོད་སྣང་གི་བཞུར་རྒྱུན་ཞིག་སྟེ
མི་ཚེ་མི་རྟག་པ་དང་འདྲ་བར
འདས་ཟིན་པའི་སེམས་དོན་ཞིག་དང་འདྲ་བར
ཡང་ཞིང་ལྷོད་ཀྱིས་གཡོ་བཞིན
སྐད་ཅིག་གཅིག་ལ
ངའི་སྐྲ་རྩེ་ནས་རྐང་བའི་བར་དུ་བཞུར་འོང

 

བྱི་ལ།

 

ཉིན་དང་མཚན་ལ་འཇབ་ཀྱིན་པའི་རྟོག་གེ་བ་ཞིག
འབྱོར་ལྡན་པའི་ཁྱིམ་ཕུག་ཏུ་ཉལ་བའི་སྒོམ་ཆེན་པ

གཟབ་ནན་གྱི་གོམ་པ་སྤོ་སྟངས་རེ་རེས
ཕྱུག་ཆེན་སྐུ་དྲག་ལྟ་བུའི་དབང་ཐང་ཞིག་ཀུན་ལ་ངོམས

ཁྱིམ་གཞིས་དྲོན་མོའི་གྲུ་ལོགས་ཆུང་ངུ་ན
དབེན་སིམ་སིམ་དུ་སྡོད་པའི་སེང་གེའི་གཟུགས་ཀྱི་བྱང་གདོན

བྱི་ལ
ཁྱིམ་ཕུགས་སུ་རྒྱལ་ཁམས་གླེང་མཁན་གྱི་ལུང་བསྟན་པ

 

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།