བལ་ཡུལ་གྱི་མཐོང་སྣང་།

494

༡]

བལ་ཡུལ་དུ་སླེབས་པ་ནས་བཟུང་ང་ཚོའི་སེམས་པར་སྔར་མེད་ཀྱི་སྤྲོ་སྣང་ཞིག་སྐྱེས་བྱུང་། དེ་ནི་བལ་ཡུལ་གྱི་དྲོད་གྲང་སྙོམས་པའི་གནམ་གཤིས་དང་གཤིས་ཀ་འཇམ་ཞིང་འགྲོག་འདྲིས་བདེ་བའི་ཡུལ་མི་རྣམས་ཀྱི་བཟང་སྤྱོད་དང་འབྲལ་ཐབས་མེད་པ་ཞིག་རེད། ཕྱོགས་ཀུན་ལྗང་མདོག་ལྡན་པའི་ཚང་ཚིང་གིས་རབ་ཏུ་མཛེས་པའི་ཁོར་ཡུག་དེ་རུ་ང་ཚོ་ཟླ་གཅིག་རང་སྡོད་རྒྱུ་བྱུང་།ང་ཚོས་ཀྱང་དུས་ཚོད་དེ་དམ་འཛིན་བྱས་ཏེ་བལ་ཡུལ་གྱི་གནས་ཆེན་འགར་སྐོར་བསྐྱོད་བྱས་པ་ཡིན། སྤྱིར་བལ་བོའི་ཡུལ་འདི་ཕྱི་ནང་ཐུན་མོང་གི་ཆོས་ལུགས་དར་ཡུལ་དུ་སོང་གཤིས་ད་ལྟའི་ཆར་ཡང་ཧིན་དྷི་བའི་ཆོས་སྲོལ་འཛིན་པ་ཆེས་མང་ནའང་། དེ་དག་གི་ཁྲོད་དུ་ནང་པར་དད་མོས་བྱེད་མཁན་གྱི་སྐྱེས་བུའང་མི་ཉུང་བ་ཞིག་ཡོད་པ་ནི་ང་ཚོས་གསལ་པོར་ཤེས་ཐུབ་པ་ཞིག་རེད།བལ་ཡུལ་གྱི་མི་ཚང་མ་གཏམ་རྒྱུད་གསེར་ཐང་དུ་བཤད་པ་ལྟར་ཁ་ཆེ་སྣ་ཉག་གི་རིགས་རྐྱང་པ་མིན་ནའང་། མི་ཕལ་མོ་ཆེ་གཟུགས་དང་གདོང་ཆུང་བའི་རིགས་སུ་གཏོགས་པ་ནི་རང་རེ་བོད་ཀྱི་མི་རྣམས་དང་འདྲ་བར་སྣང་། འོན་ཀྱང་དེ་དག་གི་ཁྲོད་དུ་གཟུགས་དང་གདོང་དབྱིབས་སྨུག་ཞད་ཆེ་བའི་རིགས་ཤིག་ཡོད་པ་དེ་ནི་རྒྱ་གར་གྱི་མི་དང་ཅུང་འདྲ་ལ། དེ་ནི་བལ་ཡུལ་གྱི་བྲམ་ཟེའི་ཆོས་ལུགས་གཙོ་འཛིན་བྱེད་མཁན་གྱི་རིགས་ཡིན་ལ་ད་ལྟའི་རྒྱལ་བོ་ཡང་འདི་དག་གི་རིགས་སུ་འདུགབལ་ཡུལ་གྱི་རྒྱལ་པོ་ནི་གཙོ་བོ་ཧིན་དྷིའི་ཆོས་ལུགས་པ་ཞིག་ཡིན་ནའང་ནང་པ་ལའང་དད་གུས་ཆེ་བར་མ་ཟད། བོད་འཕན་ཡུལ་ནཱལེནྡྲའི་བསྟན་བདག་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་རྒྱལ་བོའི་ཕོ་བྲང་དུ་ལན་མང་གདན་ཞུ་བྱས་ཏེ་ཆོས་ཀྱི་བགྱི་བའང་མཛད་ཚུལ་ལ་གཞིགས་ན། ཕྱི་ནང་གི་ཆོས་ལུགས་གཉིས་ཀྱི་བར་ཕན་ཚུན་སྡང་ཞེན་མེད་པར་ཐུགས་དཀྱེལ་ཡངས་པའི་རྒྱལ་པོ་དཔྱོད་ལྡན་ཞིག་ཡིན་པར་སྣང་ལ། མི་དམངས་ཀྱི་ཧྲིལ་པོས་དགའ་གུས་ཆེན་པོ་ཐོབ་ས་ཞིག་ཀྱང་ཡིན།

༢]

ཆས་གོས་ཀྱི་ཐད་ནས་བལ་ཡུལ་གྱི་བུད་ཚོའི་ཆས་གོས་དེ་འུ་ཅག་གི་དགོན་པ་དང་ལྷ་ཁང་གི་ལྡེབས་རིས་སུ་བྲིས་པའི་ལྷ་མོ་དག་གི་གོས་དང་ཆེས་འདྲ་ནའང་། དེ་ནི་བུད་མེད་གཉེན་སྟོན་བྱས་ཟིན་པ་དག་གིས་གོན་པ་ལས། གཞོན་ནུ་ཕོ་མོ་རྣམས་ནི་ཡུ་རོབ་སོགས་ཕྱི་གླིང་གི་དཔེ་གསར་གྱི་ཆས་གོས་རྐྱང་པ་གྱོན་པ་ལས། སྲོལ་རྒྱུན་གྱི་ཆས་གོས་མཛེས་ཤིང་ལྟ་ན་སྡུག་པ་དེ་གྱོན་མཁན་བརྒྱ་ཡི་ནང་དུ་རེ་འགའ་ཙམ་དུ་གྱུར་ཡོད། གཉེན་སྒྲིག་བྱས་ཟིན་པའི་བུད་མེད་མེད་དག་གིས་ནི་ཐོད་པ་དང་སྐྲ་གསེང་དུ་མཚལ་རྡུལ་བྱུག་ཅིང་། བུད་མེད་རྒན་གཞོན་ཀུན་གྱི་སྣ་གཡོན་པར་ཨུ་ཁུང་བརྟོལ་ཏེ་སྣ་རྒྱན་ཆེ་ཆུང་འདྲ་མིན་བཏགས་པ་འདི་ཐོག་མར་མཐོང་སྐབས་ཆེས་མི་མཛེས་པ་ཤིག་ཡིན་ནའང་། ཞིབ་པར་བརྟགས་ན་དེ་ཡང་མཆོད་པའི་ལྷ་མོ་དག་དང་འདྲ་བར་བུད་མེད་རྣམས་ཀྱི་མཛེས་པའི་ཡོན་ཏན་གསལ་བར་མངོན་བྱེད་ཅིག་ཏུ་འདུག རྐང་པ་དང་མཁྲིག་མ་གཉིས་ལ་ཟངས་མ་དང་ལྕགས་ཀྱི་གདུ་བུ་སྤྲས་ཤིང་། རྐང་པའི་མཐིལ་མཚལ་མདོག་གིས་དམར་རྐྱང་བྱེད། ལག་པའི་མཐིལ་ཡང་དམར་མདངས་རྒྱས་པའི་རི་མོ་འདྲ་མིན་གྱིས་བརྒྱན་པར་བྱེད། སྐྱེས་པ་རྒན་རབས་པ་རྣམས་ཀྱི་ནང་བལ་ཡུལ་གྱི་གནའ་བོའི་ཆས་གོས་རས་ཞྭ་ཁྲ་བོ་དང་། རས་ཞྭ་ནག་པོ་དེ་གྱོན་མཁན་ཤིན་ཏུ་མང་ལ་དེ་ཉི་ཁོང་ཚོས་རང་ཉིད་བལ་བོ་བ་ཡིན་པའི་མཚོན་བྱེད་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། གཞུང་གི་ངོས་ནས་ཀྱང་བལ་ཡུལ་གྱི་སྐྱེས་པ་རྣམས་ཀྱི་སྤྱི་དམངས་ལག་འཁྱེར་དང་། ཕྱི་བསྐྱོད་ལག་འཁྱེར་གྱི་འདྲ་དཔར་ངོས་སུའང་ཞྭ་མོ་དེའི་རིགས་ངེས་པར་གྱོན་དགོས་པར་བཤད། འོན་ཀྱང་བོད་རིགས་སུ་གཏོགས་པའི་གློ་བོ་དང་། རྟ་མང་། སྙེ་ཤངས། ཤར་པ་སོགས་ཀྱིས་ཞྭ་མོ་དེ་གྱོན་དགོས་དོན་མེད་ཚུལ་གྱི་སྐད་ཆ་ཞིག་བལ་ཡུལ་གྲོས་ཚོགས་ཚུན་ཆད་དུ་ཡང་ཡང་སླེབས་པས་ཕྱིས་སུ་མཚམས་འཇོག་པ་བྱུང་ཡོད།

༣]

ཁ་ཟས་ཀྱི་ཕྱོགས་ནས་ནི། བལ་ཡུལ་གྱི་གནའ་བོའི་ཁ་ཟས་རྣམས་སུ་འབྲས་དང་། ཚོད་མ། སྲན་ཁུ་སོགས་གཙོ་བོར་བྱེད་ལ། ཞོ་ཁོག་འདི་བོད་ཀྱི་རོང་པ་ཚོ་ཇི་བཞིན་བལ་ཡུལ་བ་ཚོས་ཀྱང་བཟའ་བཅའ་གཙོ་བོ་ཞིག་ཏུ་གྱུར་ཡོད། གཞན་ཡང་ཟ་ཁང་ཆེ་བ་རྣམས་སུ་ཐ་ཀ་ལེའམ།བལ་གྱི་ལྡེར་མ་ཞེས་འབོད་པ་དེར་ཕྱི་ནས་ཡོང་བའི་སྐུ་མགྲོན་ཚོས་དགའ་བོ་བྱེད་ས་ཞིག་ཡིན། དེའི་ནང་དུ་གཙོ་བོ་འབྲས་དང་། སྲན་ཁུ། ཞོ། སྔོ་ཚལ། སིལ་པན། ཙོང་། ལིམ་བི་སོགས་ཁ་ཟས་ཙག་ཙིག་འདྲ་མིན་ཅིག་ཡོད་ལ། དེ་ནི་བལ་ཡུལ་གྱི་གནའ་བོའི་ཟ་མ་ཡག་ཤོས་དེ་ཡིན། དེ་མིན་སྙིང་རྗེ་དང་ཚུལ་ཁྲིམས་ཅན་གྱི་བྲམ་ཟེ་བ་ཉུང་ཤས་ཤིག་ལས་ཧིན་དྷི་བ་ཚོས་ཀྱང་དམར་ཟས་ནི་ཟ་བས་བལ་ཡུལ་དུ་བོད་པ་ཚོར་མཚོན་ན་ཤ་རྙེད་པར་དཀའ་ངལ་དེ་ཙམ་མེད།

༤]

ཐོན་ཁུངས་ཀྱི་ངོས་ནས་གླེང་ན། སྤྱིར་བལ་བོ་རྣམས་ལ་ཞིང་ལས་པ་ཤུགས་ཆེ་ནའང་ཁོ་ཚོས་ཐོན་སྐྱེད་བྱས་པའི་བཟའ་འབྲུའི་རིགས་ཀྱིས་བལ་ཡུལ་མི་དམངས་ལ་ལྡང་གི་མེད་པས། བཟའ་བཅའ་སོགས་བཅའ་དངོས་ཕལ་མོ་ཆེ་ད་ལྟའི་ཆར་ཡང་རྒྱ་གར་གཙོ་བོར་གྱུར་པའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་བརྟེན་རྐྱང་བྱས་ཡོད། རྒྱལ་པོའི་ལམ་ལུགས་ཀྱི་དབང་བསྒྱུར་འོག་ཡོད་པའི་རྒྱལ་ཁབ་འདི་དཔལ་འབྱོར་གྱི་ཐད་ནས་བཤད་ན། འཛམ་གླིང་གི་རྒྱལ་ཁབ་ཆེས་སྐྱོ་ཤོས་ཀྱི་གྲས་སུ་ཡོད་ནའང་། ཞི་བདེ་བརྟན་བརླིང་གི་ཆ་ནས་བཤད་ན། བལ་ཡུལ་འདི་གོ་ལ་རིལ་པོ་འདིའི་སྒང་གི་ཆེས་ལེགས་ཤོས་དེ་ཡིན་དཀའ་ནའང་། ཧ་ཅང་དམའ་བའི་གྲས་སུ་མི་འདུག་པ་ནི་ཁོ་བོས་འགྲེལ་བཤད་གསལ་པོར་བྱེད་ཐུབ་པ་ཞིག་རེད། གང་ལྟར་ཁོ་བོའི་ངོས་ནས་བཤད་ན། བལ་ཡུལ་ནི་འཛམ་གླིང་འདིའི་སྒང་ནས་རང་ཉིད་ལ་སྨྲ་བརྗོད་དང་། ཆོས་དད། སྐད་ཡིགསློབ་གསོའི་རང་དབང་སོགས་མི་ཞིག་གི་མི་ཚེའི་ནང་མེད་ཐབས་མེད་པའི་མཐུན་རྐྱེན་མང་པོ་ཞིག་དུས་གཅིག་ཏུ་རྙེད་སའི་ཁོར་ཡུག་དེ་ཡིན་པས། ངས་ནམ་ཡང་དུས་བཞིར་ལྗང་མདོག་གིས་མཛེས་པའི་ཡུལ་ལྗོངས་འདི། འབངས་མི་ཚོ་ཉམས་ཆུང་ཞིང་འཛུམ་དམུལ་གྱིས་ཁེངས་པའི་ཡུལ་ལྗོངས་འདི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཞབས་ཀྱིས་བཅགས་སའི་ཡུལ་ལྗོངས་འདི། ད་དུང་འཛམ་གླིང་གི་ཁྱད་ནོར་དུ་གྱུར་པའི་ནང་བསྟན་ཤེས་རིག་གི་ལྗང་མྱུག་འཁྲུངས་སའི་ཞིང་ས་འདི་སེམས་ནས་འབོར་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་དེ། དེ་ནི་ངས་ཡུལ་ལྗོངས་ཆུང་ངུ་འདིར་བཅངས་པའི་བཅོས་མིན་གྱི་དུང་ཞེན་ཞིག་ཀྱང་རེད།

༥]

འདིར་ངེས་པར་གླེང་དགོས་པ་ཞིག་ནི། བལ་ཡུལ་དུ་ཡོད་པའི་ནང་པའི་གནས་ཆེན་ཁག་ཡིན་ཏེ། བྱིན་རླབས་ཀྱི་གཟི་འོད་དང་ལྷན་དུ་ལོ་རྒྱུས་ཀྱི་རིན་ཐང་ཧ་ཅང་ཆེ་བའི་གནས་ཆེན་གང་མང་ཞིག་བལ་བོའི་ཡུལ་འདིར་ཡོད་ལ། དེ་དག་ཕལ་ཆེ་བར་ལོ་ངོ་སྟོང་ཕྲག་གི་བྱུང་རབས་ཡོད་པ་ཤ་སྟག་ཡིན། ང་ཚོ་བལ་ཡུལ་དུ་སླེབས་ནས་ཉིན་འགར་ཐོ་འགོད་དང་དཔར་ལེན། གཟུགས་གཞིར་བརྟག་དཔྱད་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཚན་པས་བཅར་འདྲི་བྱེད་པ་སོགས་ཀྱི་ལས་ལ་བྲེལ་བས་གནས་མཇལ་བྱེད་རྒྱུ་མ་བྱུང་ལ། རྒྱལ་སར་སྤྲོ་འཁྱམས་ལ་འགྲོ་རྒྱུ་དེ་བས་ཀྱང་མ་བྱུང་། འོན་ཀྱང་མི་རིང་བར་སྣེ་ལེན་ཁང་གི་གཟའ་ཉི་མ་དང་འཁེལ་བས་དུས་དེ་དང་སྟབས་བསྟུན་ནས་ང་དང་གྲོགས་པོ་སྐོར་ཅིག་འཕགས་པ་ཤིང་ཀུན་ལ་མཇལ་དུ་སོང་བ་ཡིན།གནས་མཆོག་འདི་ནི་རི་བོ་ཆུང་ཆུང་ནགས་ཀྱིས་བསྐོར་བ་ཞིག་གི་སྒང་དུ་ཡོད་པས། བལ་ཡུལ་གྱི་རྒྱལ་སའི་ཕྱོགས་མང་པོ་ཞིག་ནས་མཇལ་ཐུབ་ལ། དེ་ལས་ཀྱང་ང་ཚོར་མཚོན་ན་སྡོད་གནས་དང་ཅུང་ཐག་ཉེ་སར་ཡོད་པས་གསེར་འོད་འཕྲོ་བའི་མཆོད་རྟེན་གྱི་ཉི་ཟླའི་གཟི་མདངས་གསལ་པོར་མཇལ་ཐུབ། ངས་གསལ་པོ་ཞིག་མ་ཤེས་ཀྱང་མི་རྣམས་ཀྱིས་བཤད་ཚུལ་ལྟར་ན། མཆོད་རྟེན་འདི་ནི་འདས་པའི་སངས་རྒྱས་འོད་སྲུང་གི་སྐབས་ནས་ཡོད་པར་བཤད་ལ། དེའི་ནང་དུ་སངས་རྒྱས་དང་བྱང་སེམས་འཕགས་པ་དགྲ་བཅོམ་མང་པོའི་སྲང་བསྲེལ་ཡང་བཞུགས་ཟེར།སྔོན་དུས་མཆོད་རྟེན་འདིའི་མཐའ་ཀུན་མཚོ་ཆེན་པ་ཞིག་གིས་བཀང་ནས་ཡོད་ནའང་། ཕྱིས་སུ་རྒྱ་ནག་ནས་འཇམ་དབྱངས་ཀྱི་སྤྲུལ་བ་དགེ་སློང་ཞིག་མཆོད་རྟེན་འདིར་གནས་མཇལ་དུ་བྱོན་པ་ན། རྫུ་འཕྲུལ་དང་མི་ལྡན་པའི་སྐྱེ་བོ་གཞན་རྣམས་མཚོས་འགལ་རྐྱེན་གྱིས་བགྲོད་དཀའ་བར་བརྟེན་མཚོ་བྲི་བར་བྱས་པ་དང་། དེར་གནས་པའི་ཀླུ་རྣམས་ཀྱི་ཆེད་དུ་མཚོ་ལྷག་མ་ཞིག་ཡོད་པ་དེ་ད་ལྟ་ཡང་ལེ་ཤོད་ཀྱི་ལམ་ཕྱོགས་སུ་ཡོད་པའི་མཚོ་རལ་གྲི་ཟེར་འདི་ཡིན་ཞེས་བལ་ཡུལ་བ་ཚོར་འཆད་སྲོལ་ཡོད་སྐད། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱང་གནས་འདིར་ཕེབས་པ་ན་མཆོད་རྟེན་གྱི་གནས་རི་འདིར་ལྗང་མདོག་གི་ནགས་ཚལ་མེད་ནའང་། ཁོང་གིས་དབུ་སྐྲ་ཕྱོགས་སུ་གཏོར་བར་མཛད་པས་དེ་ནས་བཟུང་རི་འདིའི་ངོས་སུ་མེ་ཏོག་དང་ལོ་འདབ་སྣ་ཚོགས་པའི་རྐང་འཐུང་གི་ཚལ་རྣམས་བྱུང་བར་གྲགས། མ་ཟད་སློབ་དཔོན་གྱིས་ཀླུ་ཡུལ་ནས་གདན་དྲངས་པའི་ཤེར་ཕྱིན་གྱི་པོ་ཏི་ཡིན་བྱ་བ་གླེགས་བམ་ཆེས་ཆེན་པོ་རྣམས་ཀྱང་ད་ལྟ་བལ་ཡུལ་གྱི་ཁྲེང་མེན་དུ་ཡོད་པའི་ལྷ་ཁང་རྙིང་པ་ཞིག་ཏུ་བཞུགས་ཡོད་པ་ཁོ་བོས་ཀྱང་མཇལ་རྒྱུ་བྱུང་། ནཱལེནྡྲའི་མཁས་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་འདིར་ཡུན་རིང་བཞུགས་ཤིང་། ཕྱིས་སུ་གྲོང་དུ་གྲྭ་བས་ཞིང་རྨོ་བ་གཟིགས་པ་ན་ཐུགས་ཕམ་དེ་མཐར་སྐུ་མྱ་ངན་ལས་འདས་པའི་གནས་ཡང་འདི་ཡིན་པར་བཤད། གང་ལྟར་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་འདི་དད་པའི་རྗེས་འབྲང་གི་ནང་པ་ཙམ་མ་ཟད་རིགས་པའི་རྗེས་འབྲང་གི་ཕྱི་རོལ་བ་དག་གི་ཡིད་ཀྱང་དབང་མེད་དུ་འཕྲོག་པའི་གནས་ཤིག་འདུག་པས། འདིར་གནས་མཇལ་གཅིག་བུ་མིན་པར་ལྗོངས་རྒྱུར་སླེབས་པའི་ནུབ་ཕྱོགས་པའང་ཆེས་མང་པོ་མཐོང་རྒྱུ་ཡོད་ལ། དེ་དག་གི་ཆེ་ཆུང་འདྲ་མིན་གྱི་དཔར་ལེན་འཕྲུལ་ཆས་བརྒྱུད་ནས་གནས་མཆོག་འདི་འཛམ་གླིང་ཤར་ནུབ་ཀྱི་སྐྱེས་བུ་ཚོའི་མིག་སྔར་བཤམས་བཞིན་པ་ནི་དུས་རབས་ཀྱི་ཁྱད་ཆོས་མཚོན་པའི་ནུབ་ལུགས་ཀྱི་ཚོང་ལས་དམིགས་བསལ་བ་ཞིག་ཀྱང་རེད། དེ་དག་ནི་རྟོག་བཏགས་དང་དངོས་ཡོད་གང་ཡིན་བདག་གི་ཤེས་རབ་སོ་མེད་པའི་རྙིལ་འདྲ་བ་འདིས་དཔྱད་ཐབས་བྲལ་ཞིང་། མིག་སྔར་ཡོད་པ་ནི་མཆོད་རྟེན་རིན་པོ་ཆེ་གསེར་མདོག་གིས་ཀུན་ནས་མཛེས་ཤིང་། འདབ་ཏུ་དགྲ་བཅོམ་རྣམས་ཀྱི་སྲིང་བསྲེལ་གཟུངས་སུ་བཞུགས་པའི་མཆོད་རྟེན་ནག་པོ་ཆེ་ཆུང་མང་པོ་བཞུགས། དེ་དག་གི་གྲལ་དུ་དཔལ་གུར་གྱི་མགོན་པོའི་སྐུ་བརྙན་ཞིག་ཡོད་པ་དེ་ཧ་ཅང་བྱིན་རླབས་ཆེ་བར་བཤད་མོད་མི་ཕལ་མོ་ཆེས་ནི་སྐུ་དེ་མཐོང་གིན་མེད་པ་འདྲ། མཆོད་རྟེན་རིན་པོ་ཆེའི་ཕྱི་དབྱིབས་ནི་རང་རེར་མཆོད་བརྒྱད་དུ་གྲགས་པ་དག་དང་མི་འདྲ་བར་ཞབས་དང་བུམ་པ་ཟླུམ་ཞིང་དབུའི་ཉི་ཟླ་དང་བང་རིམ་གསེར་རྩི་གཤའ་མས་མཛེས་པར་བརྒྱན་ཡོད། མཆོད་རྟེན་མཐའ་འཁོར་དུ་འཁོར་ཕྲེང་བང་ཚད་ཆུང་ཞིང་མདོག་སྨུག་པོ་ཅན་ཕྱི་ངོས་སུ་ལནཛྙ་འབུར་མ་བྱས་པ་ཞིག་ཡོད་པ་དེ་རང་རེའི་དགོན་པ་རྣམས་སུ་ཡོད་པ་དང་ཆེར་འདྲ་བར་འདུག་ནའང་། དེ་དག་ཀུན་ཀྱང་དུས་ཕྱིས་སུ་བཞེངས་པ་ལས་སྔོན་དུས་ནས་ཡོད་པ་ཞིག་ནི་མིན་པར་སྣང་། མཆོད་རྟེན་འགྲམ་ནས་ཕྱོགས་བཞིར་བལྟས་ན་བལ་ཡུལ་གྱི་ལུང་གཤོང་འདི་ལག་མཐིལ་དུ་བཞག་པ་ལྟར་གསལ་པོར་མཐོང་ཐུབ་པར་མ་ཟད། གནས་འདི་ས་མཐོ་བའི་རྐྱེན་གྱིས་ཁོར་གཞན་ལས་མཁའ་དབུགས་གཙང་བ་ཡོད་པ་དེས་ཐག་རིང་ནས་སླེབས་པའི་མི་རྣམས་ལ་རང་བཞིན་གྱིས་ངལ་གསོ་བཟང་པོ་ཞིག་ཐོབ་བཞིན་ཡོད།

༦]

ད་དུང་འཕགས་པ་ཤིང་ཀུན་གྱི་གཡས་གཡོན་གང་སར་བོད་ཀྱི་ཆོས་རྒྱུད་ཆེན་མོ་བཞི་དང་། གཡུང་དྲོན་བོན་ཀྱི་དགོན་པའང་ཡོད་ལ།དེ་དག་མང་པོ་ཞིག་གི་བསྟན་སྤྱིན་བོད་ནས་ཕེབས་པ་གཙོ་ཆེ་ཞིང་། འགའ་རེ་ནི་སྔོན་བོད་ཀྱི་མི་རིགས་ཡིན་ནའང་ད་ལྟ་བལ་གཞུང་གི་འཛིན་སྐྱོང་འོག་ཡོད་པ་གློ་བོ་དང་། སྙེ་ཤངས། རྟ་མང་། ཡོལ་མོ་སོགས་ཀྱི་ཡུལ་མིས་འཛིན་སྐྱོང་འོག་ཡོད་པ་དེ་འདྲ་ཡང་སྣང་། བལ་ཡུལ་དུ་རྒྱུན་སྡོད་བྱེད་པའི་མི་རྣམས་ཀྱིས་བཤད་པར་གཞིགས་ན། མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁོར་དང་རྒྱལ་སའི་ཤར་ནུབ་ཀྱི་ཕྱོགས་མཐའི་རི་སུལ་གང་སར་ཁྱོན་བསྡོམས་བོད་རིགས་ཀྱི་དགོན་པ་དང་། སློབ་གཉེར་ཁང་བརྒྱ་ཕྲག་ཙམ་ཡོད་པར་བཤད་ལ། དེ་དག་ཀྱང་བལ་ཡུལ་གཞུང་གི་ཁྲིམས་ཐོག་ནས་ངོས་ལེན་ཡོད་པ་ཤ་སྟག་ཡིན་ཟེར།དགོན་པ་དེ་དག་གི་ཕྱིའི་བཟོ་བཀོད་མཛེས་ཤིང་ནང་གི་སློབ་གཉེར་བ་ཚོའི་འཚོ་བའི་ཆ་རྐྱེན་ཀྱང་བོད་ཀྱི་དགོན་པ་རྣམས་དང་མི་འདྲ་བར་ཧ་ཅང་ལེགས་ནའང་། ཤེས་རབ་ཀྱི་རྣ་བ་བླགས་ཏེ་ཞིབ་མོར་ཉན་ན།མང་པོ་ཞིག་ནི་དཔལ་འབྱོར་གྱི་སྟོབས་ཤུགས་ཁྲོད་ནས་གཙུག་ཁང་དང་། གྲྭ་ཤག ཁོར་ཡུག་སོགས་ཕྱི་ཡི་མཛེས་ཆོས་གཙོ་བོ་བཟུང་བ་ལས་ནང་གི་སློབ་གཉེར་གྱི་ཕྱོགས་སུ་དེ་ཙམ་གྱི་ཤུགས་སྣོན་བྱེད་ཀྱིན་མེད་པའི་ཚོར་སྣང་ཞིག་མི་སྐྱེ་ག་མེད་ཡིན། དེའི་རྒྱུ་མཚན་ཡང་དགོན་སྡེ་མང་པོ་ཞིག་ཏུ་རྔ་བརྡུང་སྦུབ་དཀྲོལ་སོགས་ཆོ་ག་ཙག་ཙིག་བློར་འཛིན་གྱི་བྱ་བ་རྐྱང་པ་གཙོ་བོར་འཛིན་པ་ལས། ལོ་ཆུང་དགེ་འདུན་པ་ཚོར་ནང་བསྟན་ཤེས་རིག་གི་ཉིང་བཅུད་དུ་གྱུར་པའི་གཞུང་ལུགས་རྣམས་ལ་སློབ་ཚན་མཁོ་སྤྲོད་བྱེད་ཀྱིན་མེད་པ་ནི་ཧ་ཅང་བློ་ཕམ་དགོས་པའི་གནས་ཤིག་ཀྱང་རེད། ལྷག་པར་དུ་དགོན་པ་འགའ་རེར་ལོ་ན་དྲུག་བདུན་ཙམ་ལས་མ་ཟིན་པའི་བྱིས་པ་ཉི་ཤུ་ནས་བརྒྱ་ཡི་བར་དུ་བདག་གཉེར་བྱས་ཡོད་ནའང་། དེ་དག་གི་རྣ་བར་གཤེ་སྐུར་དང་།མཚངས་འབྱིན།ཐབ་ལས་ལ་བསྐུལ་བ་ཙམ་ལས་ཆོས་ཀྱི་བྱམས་བརྩེ་དང་། ཆོས་ཀྱི་སློབ་གསོ་ཡང་དག་པ་ཞིག་ཀྱང་རག་གི་མེད་པ་འདིས། དགོན་པ་དེ་དག་གི་དོ་དམ་པར་གྱུར་པའི་བླ་སྤྲུལ་ཚོར་ཆོས་ཀྱི་ཤེས་ཚད་དང་དུས་རབས་ཀྱི་བསམ་པའི་དཔལ་ཡོན་གྱིས་ལྡང་གིན་མེད་པ་གསལ་བོ་རེད། འོན་ཀྱང་ཁོང་ཚོ་ནི་འཁོར་དང་གོ་ས་ཡོད་པའི་བླ་སྤྲུལ་ཡིན་ལ། རྒྱུ་ནོར་མངའ་ཐང་ཅན་གྱི་ཚོང་དཔོན་ཡང་ཡིན་པས། དེ་དག་གི་མདུན་སར་འབྱོར་མེད་ཀྱི་གྲྭ་རྐྱང་དཔྱོད་ལྡན་ཚོར་ཡང་བཞུད་ལམ་ཡངས་པོ་ཞིག་མེད་པ་གསལ་པོ་རེད།

༧]

དེ་རྗེས་ང་ཚོ་བལ་ཡུལ་རྒྱལ་ས་བརྒྱུད་ནས་མཆོད་རྟེན་བྱ་རུང་ཁ་ཤོར་ལ་མཇལ་དུ་སོང་བ་ཡིན་ལ། དེ་ནས་འཕགས་པ་ཤིང་ཀུན་ནས་རླངས་འཁོར་བརྒྱུད་དེ་སོང་ན་ཆུ་ཚོད་གཅིག་ཙམ་གྱི་སར་ཡོད། ལོ་རྒྱུས་སུ་གསལ་བ་ལྟར་ན་སྔོན་བྱ་རྫི་བྱས་ཏེ་འཚོ་བ་གཉེར་མཁན་གྱི་རྒན་མོ་ཞིག་ཡོད་པ་དེའི་སེམས་པར་ད་ཕན་སྡིག་པ་མང་པོ་བྱས་པས། ད་ནི་དེ་དག་བཤགས་ཕྱིར་རྟེན་བཞེངས་ཤིག་བྱེད་དགོས་སྙམ་པ་ན། ས་འཚོལ་ཕྱིར་རྒྱལ་བོའི་དྲུང་དུ་བཅར་ཏེ་བདག་ལ་མཆོད་རྟེན་བཞེངས་སའི་ས་གླང་ཆེན་གྱི་ཀོ་བའི་ཆེ་ཆུང་ཞིག་གནང་བར་ཞུ་གསོལ་བཏབ་པ་བཞིན་རྒྱལ་བོས་ཀྱང་གནང་། རྒན་མོ་དེས་གླང་ཆེན་གྱི་ཀོ་བ་དྲས་ཏེ་ས་ཆེན་པོར་མཆོད་རྟེན་བརྩིགས་པའི་རྨང་བཤམས་པ་ན། བློན་པོ་འགས་རྒན་མོ་ལ་ཁྱེད་ཀྱིས་ས་འདི་འདྲ་ཆེན་པོ་བེད་སྤྱད་པའི་གནང་བ་གང་ནས་བྱུང་དྲིས་པར། ཁོ་མོས་ཀྱང་རྒྱལ་བོས་བསྩལ་བ་ཡིན་ཞེས་བཤད། བློན་པོ་རྣམས་ཀྱིས་རྒྱལ་བོར་བཀའ་འདྲི་ཞུས་པ་ན། གླང་ཆེན་གྱི་ཀོ་བས་སྙོབས་ཚད་ཀྱི་གཞིར་མཆོད་རྟེན་བྱ་རུང་བའི་ཚུལ་ངའི་ཁ་ནས་ཤོར་རོ་ཞེས་གསུངས་པས། མཆོད་རྟེན་འདིའི་མིང་ལའང་དེ་ལྟར་གྲགས་པར་བཤད།མཆོད་རྟེན་འདི་མ་གྲུབ་སྔོན་ནས་བྱ་རྫི་མ་ཚེ་ལས་འདས་ནའང་། ཁོ་མོར་བུ་གསུམ་ཡོད་པ་དེ་དག་གིས་དྲིན་ཅན་མའི་དྲིན་ལན་འཇལ་ཕྱིར་རྩིག་འཕྲོ་མུ་མཐུད་དེ་མཇུག་གྲུབ་པ་ན། ནམ་མཁའ་ནས་ལྷ་རྣམས་ཀྱིས་ཁྱེད་ཅག་གི་སྨོན་ལམ་གང་ཞིག་བཏབ་པ་རྣམས་འགྲུབ་པར་འགྱུར་རོ་ཞེས་སྒྲ་བྱུང་བ་བཞིན། གཅེན་གཅུང་གསུམ་གྱིས་མཐའ་འཁོབ་བོད་ཡུལ་མུན་པའི་གླིང་དུ་དམ་པའི་ཆོས་སྤེལ་བར་སྨོན་ལམ་བཏབ་པ་ན། རྩིག་རྡོ་འགེལ་སའི་གླང་རྒན་དེས་ངས་ལས་ཀ་དེ་འདྲ་བྱས་ཀྱང་ང་འདི་དག་གིས་སྣང་མེད་བྱས་སོང་དྲན་ཏེ། མ་འོངས་པ་ན་དེ་དག་གིས་ཆོས་སྤེལ་བ་ན་ཆོས་ལ་སྡང་བའི་སྐྱེ་བོ་ནུས་ལྡན་ཞིག་ཏུ་སྐྱེ་བའི་སྨོན་ལམ་ལོག་པར་བཏབ།ཚུལ་དེ་བྱ་རོག་གིས་མཐོང་སྟེ་ཁོས་བསྟན་པ་བཤིག་པའི་སྐབས་དེར་ང་ཁོ་ཚར་གཅོད་པའི་སྐྱེས་བུ་མཐུ་སྟོབས་ཅན་ཞིག་ཏུ་སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ་པ་བཞིན། སྔ་མ་གསུམ་མཁན་སློབ་ཆོས་གསུམ་དང་། ཕྱི་མ་གཉིས་ནི་གླང་དར་མ་དང་། ལྷ་ལུང་དཔལ་རྡོར་ཡིན་པའི་ཚུལ་རང་རེར་གྲགས་པ་ལྟར་རོ།། དེས་ན་མཆོད་རྟེན་འདི་ནི་རང་ཅག་བོད་མི་རྣམས་ལ་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན་པས་སྨོན་ལམ་ཟབ་མོས་རང་གཞན་གྱི་སྡུག་བསྔལ་སེལ་བའི་གྲོགས་བྱེད་པ་ནི་ཚུལ་རོལ་མཐོང་བའི་སྐྱེས་བུ་དཔྱོད་ལྡན་རྣམས་ཀྱི་ཐབས་ལ་མཁས་པའི་སྤྱོད་པར་སྣང་ངོ་།། འདིའི་ནང་དུ་སངས་རྒྱས་ཀྱི་རིང་བསྲེལ་གཙོ་བོར་བཞུགས་པས་བྱིན་རླབས་ཆེ་ལ། བཟོ་དབྱིབས་ཀྱང་ཕལ་ཆེར་འཕགས་པ་ཤིང་ཀུན་དང་འདྲ་ནའང་བུམ་པའི་སྟེང་གི་ཕྱོགས་བཞིར་ཤེས་རབ་ཡེ་ཤེས་མཚོན་བྱེད་ཀྱི་སྤྱན་ཆེན་པོ་དཀྱུས་ཤིན་ཏུ་རིང་བ་གཉིས་རེ་བཞེངས་པ་དེས་མཆོད་རྟེན་འདིར་བསལ་གྱི་ཁྱད་ཆོས་ཤིག་མངོན་པར་བྱས་ཡོད།

༨]

མཆོད་རྟེན་སྐོར་ལམ་དུ་སླེབས་པ་ན་ང་ལ་དམིགས་བསལ་གྱི་སེམས་ཚོར་ཞིག་བྱུང་བ་ནི་རང་ཉིད་སྔར་ནས་སླར་ཡང་རྒྱུས་ཡོད་པའི་གནས་ཤིག་ཏུ་འགྲོ་བཞིན་པ་ལྟ་བུ་ཞིག་བྱུང་བ་དེ་རེད།བསམ་གཞིགས་ཞིབ་མོར་བྱས་ཚེ་དེ་ནི་གཞན་གང་ཡང་མ་ཡིན་པར་སྟོད་ཉི་མ་ལྷ་སའི་སྐོར་ལམ་དུ་སོང་ཟིན་པ་དེ་རང་རེད། བལ་སྐོར་དང་མཆོད་རྟེན་འདིའི་སྐོར་ལམ་གཉིས་ལ་ཕྱོགས་མང་པོ་ཞིག་ནས་འདྲ་ས་ཆེས་མང་ཞིང་། ལྷག་པར་དུ་ཡུན་རིང་ཕ་ཡུལ་དང་བྲལ་བའི་རྒྱལ་ཁམས་པ་ཚོར་མཚོན་ན་གནས་འདིར་བོད་རིགས་ཀྱི་དགོན་པ་དང་། ཚོང་ཁང་། དཔེ་ཁང་། ཟ་ཁང་། མགྲོན་ཁང་། གནས་མཇལ་བ་སོགས་ཆེས་མང་པོ་དེས་རང་ཡུལ་དུ་སླེབས་པ་ལྟ་བུའི་ཚོར་བ་ཞིག་འགོག་མེད་དུ་སྐྱེ་ངེས་ཡིན་ལ། དེ་ནི་བལ་བོ་ཚོར་བྷོ་དྷར་གྲགས་པའི་མཆོད་རྟེན་འདིའི་ཉེ་འགྲམ་གང་སར་རྒྱལ་ཕྱི་ནང་གི་བོད་རིགས་ཀྱི་དགོན་པ་དང་། སློབ་གྲྭ། ཚོང་ལས་པ་དང་། གཞིས་ཆགས། གནས་མཇལ་བ་སོགས་མི་ཚོགས་ཆེས་མང་བོ་ཞིག་གི་འགྲུལ་བཞུད་དང་སྡོད་གནས་ཀྱི་ས་ཚིགས་གལ་ཆེན་ཞིག་ཏུ་འཁེལ་ཡོད་པ་དེས་ཀྱང་རེད། ལྷག་པར་དུ་ས་འདིར་བོད་རིགས་ཚོས་གཉེར་བའི་མགྲོན་ཁང་ཡང་རབ་འབྲིང་ཆེས་མང་པོ་ཡོད་ལ།དེ་དག་གི་ས་ནས་རྒྱལ་ཕྱི་ནང་གང་ཞིག་ཏུ་འགྲོ་དགོས་ཀྱང་མཁའ་འགྲུལ་དང་། མེ་འཁོར། རླངས་འཁོར་སོགས་ཀྱི་འཛིན་བྱང་ཧ་ཅང་སྟབས་བདེའི་ངང་རག་གི་ཡོད་པས་ཕྱོགས་འགྲུལ་བཞུད་པ་ཚོར་ཕན་ཐོག་ཆེན་པོ་ཡོད། ཉིན་ཞིག་ང་ཚོ་རི་མཐོན་པོ་ཞིག་གི་རྩེ་མོར་སྐོར་གཡེང་དུ་སོང་བ་ཡིན་ལ། རི་དེའི་ངོས་ནས་དེ་ལས་ཀྱང་ཆེས་མཐོ་ཞིང་བརྗིད་ཉམས་ལྡན་པ་ཞིག་མཐོང་བ་ནི་ང་ཚོ་བོད་ཀྱི་ཆོས་ལུགས་པ་རྣམས་ཀྱི་ཁྲོད་ནས་བལ་ཡུལ་དང་ལི་ཡུལ་གཅིག་ཏུ་འདོད་པ་རྣམས་ཀྱིས་གླང་རི་ལུང་བསྟན་གྱི་མདོ་གསུངས་སའི་རི་བོར་ངོས་འཛིན་པ་དེ་ཡིན་སྐད། དེ་ནི་བལ་ཡུལ་གྱི་རྒྱལ་སའི་ནུབ་བྱང་མཚམས་སུ་ཡོད་ལ། སྤྲིན་དཀར་གྱིས་འཁྱུད་པའི་རྩེ་མོ་མཁའ་རུ་ཟུག་པའི་ཕྱོགས་བཞིའི་རི་ཚོགས་རྣམས་ལས་ཆེས་མཐོ་ཤོས་དེ་རེད་ཅེས་བཤད་ཆོགད་དུང་སྟག་མོ་ལུས་སྦྱིན་དང་། གུ་རུའི་སྒྲུབ་གནས་ཡང་ལེ་ཤོད་སོགས་བྱིན་ཅན་གྱི་གནས་མཆོག་དུ་མ་ཞིག་ཀྱང་བལ་བོའི་རྒྱལ་ས་ཅུང་ཐག་ཉེ་བར་ཡོད་ནའང་། མི་འགྱངས་བར་ང་ཚོ་བལ་ཡུལ་ནས་རྒྱ་གར་དུ་འགྲོ་རན་པས་གནས་མཇལ་གྱི་སྐལ་བ་རེ་ཞིག་འཇོག་དགོས་བྱུང་། དེ་ལྟར་ཟླ་གཅིག་རིང་གི་བལ་ཡུལ་གྱི་འཚོ་བ་ནི། སྔར་མེད་ཀྱི་ཤེས་བྱ་གསར་འཚོལ་དང་། མི་རིགས་གཞན་གྱི་སྐད་ཡིག་དང་གོམས་གཤིས་སོགས་ལ་འགྲོགས་འདྲིས་ཀྱི་དུས་ཚོད་ཆེས་བཟང་པོ་ཞིག་ཡིན་ནའང་། སྤྲོ་སྣང་གིས་ཁེངས་ཤིང་འཚོལ་དཔྱད་ལ་དུང་བའི་དུས་ཚོད་དེ་ཡུད་ཙམ་ལ་རྫོགས་ཟིན་པས་ད་ནི་སླར་ཡང་སྐད་རིགས་དང་གོམ་གཤིས་མི་གཅིག་པའི་འཛམ་གླིང་འདིའི་ཆོས་ལུགས་ཀྱི་འབྱུང་ཁུངས་གཙོ་བོར་གྱུར་པའི་རྒྱ་གར་གྱི་ས་མཚམས་སུ་བསྐྱོད་མགོ་རྩོམ་རན་སོང་བས། རེ་ཞིག་བལ་ཡུལ་གྱི་ཡིད་དུ་འོང་པའི་མཛེས་ལྗོངས་དང་། མི་གཤིས་འཇམ་ཞིང་འགྲོག་འདྲིས་བདེ་བའི་ཡུལ་མི་ཚོ་དང་ཁ་མི་བྲལ་ཐུ་མེད་གྱུར་སོང་།

              ཁང་ཟླ་སྲས་ཀྱིས་གདན་ས་ཆེན་པོ་ངོར་ཨེ་ཝམ་ཆོས་ལྡན་ནས།

རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།