དོལ་པོའི་དགོན་རྙིང་གནམ་དགུང་བྱང་ཆུབ་གླིང་།

796

རྩོམ་པ་པོ།    རྫ་སྐྱེས་ཕུར་བ།

 

1.jpg
         དོལ་པོ་ནི་སྔ་དུས་ཞང་ཞུང་བྱ་རུ་བཅོ་བརྒྱད་ཀྱི་ནང་ཚན་མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་བཅོ་ལྔ་པའི་ཁྱབ་ཁོངས་སུ་གཏོགས་ཤིང་།  བར་ལམ་མངས་རིས་གུང་ཐང་སྨད་ཀྱི་སྡེ་རུ་གྱུར་ལ། ད་ལྟ་བལ་པོའི་རྫོང་ཁག་དོན་ལྔ་ཡོད་པའི་ཌོལ་པ་རྫོང་གི་ཁོངས་སུ་ཡོད།  གནའ་ཡི་ས་བགོས་བྱེད་སྟངས་ལྟར་ན།  གནམ་དགུང་ཚོ་གསུམ་དང་།  བན་ཚང་ཚོ་གསུམ།  སྟང་གཤོངས་ཚོ་གསུམ།  མདོ་སྟག་ཚོ་གསུམ་ཏེ་དོལ་ཕྱོགས་གྲུ་བཞི་ཞེས་པ་ཡོད་ཅིང་།  དེ་དག་གི་ཁོངས་སུ་བོན་དང་ས་སྐྱ།  བཀའ་བརྒྱུད།  རྙིང་མ་སོགས་ཀྱི་ཆོས་བརྒྱུད་རིམ་པར་དར་ཞིང་དེ་དག་རྒྱུན་འཛིན་བྱ་མཁན་གྱི་དགོན་ཆེ་ཆུང་བརྒྱ་ལྷག་བྱུང་།  དེའི་ནང་ནའང་ཆེས་རྙིང་པའི་ཧྲབ་དམར་གནམ་གསུམ་ཞེས་པའི་དགོན་གསུམ་ཡོད། འདི་ནི་དོལ་པོའི་དགོན་རྙིང་གྲགས་ཅན་དེ་གསུམ་གྱི་ཡ་གྱར་ཏེ། ད་ལྟ་གནམ་དགུང་བྱང་ཆུབ་གླིང་ཞེས་འབོད་ཅིང། ཇོ་བོ་རྣམ་རྒྱལ་གྱི་བཀའ་འབུམ་དུ”གོང་མའི་སྒྲུབ་གནས་གནམ་དགུང་བདེ་ཆེན་གླིང”ཞེས་གསལ་བས་གནའ་དུས་བདེ་ཆེན་གླིང་ཞེས་འབོད་པ་དང་།  དེ་ལྟར་ན་དགོན་འདིར་མི་ལོ་ལྔ་བརྒྱ་ཡས་མས་ཤིག་གི་ལོ་རྒྱུས་ཀྱི་བྱུང་བ་གྲུབ་ཡོད།
        རྒྱ་མཚོའི་ངོས་ནས་སྨི་༤༨༠༠ཡན་བརྒལ་བའི་དོལ་ཕྱོགས་གྲུ་བཞིའི་ནང་ཚན་གནམ་དགུང་ས་ལྡང་ཡུལ་དུ་ཆགས་ཤིང་།  ས་ལྡང་ནི་བར་ལམ་གྲུ་དཔོན་ཉི་མ་ཚེ་རིང་ཞེས་པས་སྲིད་སྐྱོང་སྐབས་དོལ་པོའི་སྲིད་འཛིན་ས་ཚིགས་དང་དོལ་ཕྱོགས་གྲུ་བཞིའི་ས་ཆའི་དཀྱུས་ཚད་དུ་ཡོད།    དགོན་གནས་དེར་འདུ་འཛི་དབེན་པ། མཁའ་རླུང་གཙང་པ།  བསིལ་དྲོད་སྙོམ་པ།  རང་བྱུང་གི་བྲག་ཕུག་མང་པ་སོགས་བསམ་གཏན་འཕེལ་བའི་གནས་ཤིག་ཡིན་པར་བཤད།                                                                                                                                                9.jpg

           དགོན་འདིའི་གནའ་བོའི་བཅའ་ཡིག་ཏུ་རྒྱལ་ཁབ་ཤར་ནུབ་གཉིས་ཀྱིས་དབུ་བླར་བཀུར་ཞིང་། དགོན་གྱི་ས་ཚིགས་སྲུང་མཚམས་བཅས་ལ་ཕྱག་ཐམ་བསྩལ་ཞེས་གསལ་ཞིང་།   དེར་འཁོད་པའི་དབུ་བླ་ནི་རས་ཆེན་བློ་འཕེལ་དཔལ་བཟང་ཞུ་བ་དེ་ཡིན་པ་དང་།  རྒྱལ་ཁབ་ཤར་ནུབ་གཉིས་ཞེས་པའང་མངའ་རིས་ཆོས་རྒྱལ་གྱི་གདུང་རྒྱུད་སྟོད་མ་ཡ་རྩེ་འཛུམ་ལང་རྒྱལ་པོའི་མངའ་འོག་གི་འཛུམ་ལང་རྒྱལ་ཕྲན་དང་།  ཨ་མ་དཔལ་གྱི་གདུང་རྒྱུད་གློ་བོ་རྒྱལ་པོའི་མངའ་འོག་གི་གློ་བོ་རྒྱལ་ཕྲན་གཉིས་ཡིན་པ་གཅའ་ཡིག་ཏུ་གསལ། དེ་ལྟར་དགོན་འདི་ཉིད་ནི་གློ་བོ་ཆོས་རྒྱལ་བསམ་འགྲུབ་དཔལ་འབར(༡༦༥༧ནས་༡༧༢༠བར་རྒྱལ་སྲིད་བསྐྱངས)དང་། ཡ་རྩེ་འཛུམ་ལང་རྒྱལ་པོ་ཀཱ་ཐི་བྷ་འདུར(༡༦༣༣༥)གཉིས་ཀྱིས་དད་ཡུལ་གྱི་སྐྱབས་རྟེན་ཕུལ་ས་དང་དགོས་དོན་གྱི་འབྲེལ་འཛུགས་བྱ་ས་ཞིག་ཡིན་པའང་གཅའ་ཡིག་དུ་གསལ་ཡོད།  

6.jpg

           དགོན་འདིའི་གཡོན་ཕྱོགས་ཀྱི་བྲག་སྐྱིབས་ན་རས་ཆེན་བློ་འཕེལ་དཔལ་བཟང་གི་དུས་སུ་བཞེངས་པའི་སྒྲུབ་ཕུག་ཅིག་ཡོད་ལ། བློ་འཕེལ་དཔལ་བཟང་ལ”ཡ་རྩེ་འཛུམ་ལང་རྒྱལ་པོ་ཀ་ཐི་བྷ་འདུར་གྱིས་ཕྱག་རལ་ཐེན་ཐུབ་པའི་རྡ་སྟོན་དུ་མངའ་བཙན་པ་ཡིན”ཞེས་ཕྱག་ཡིག་དང་མཉམ་དུ་རལ་གྲི་ཞིག་གནང་ཡོད་པ་དགོན་དེའི་གནའ་བོའི་བཅའ་ཡིག་ནང་བྲིས་ཡོད་ལ།   ད་ལྟའང་གྲི་དེ་གནམ་དགུང་དགོན་པར་ཡོད་ཀྱང་།  བཅའ་ཡིག་དེར་འཁོད་པའི་ནང་དོན་གསལ་བོ་ཞིག་གོ་མ་ཐུབ། 7.jpg

        ཕྱིས་སུ་ཁོང་གི་སློབ་མ་ཇོ་བོ་ངག་དབང་རྣམ་རྒྱལ་འབོད་པས་གོང་མའི་སྒྲུབ་ཕུག་གི་གཡས་ཕྱོགས་སུ་དགོན་དེ་གསར་སྤོར་གནང་ཞིང་།  དེ་ལྟར་བྱས་པའི་ལོ་དང་ཟླ་ཚེས་སོགས་ཇི་བཞིན་མི་གསལ་ཡང་། ཇོ་བོ་ངག་དབང་རྣམ་རྒྱལ་ནི་ཡོལ་མོའི་སྤྲུལ་སྐུ་བསྟན་འཛིན་ནོར་བུའི་དངོས་སློབ་ཡིན་པ་ཁོང་གི་རང་རྣམ་དུ་འཁོད་པ་དང་།  སྤྲུལ་སྐུ་བསྟན་ནོར་བུ་ཕྱི་ལོ་༡༥༩༨ལོར་འཁྲུངས་པའང་ཁོང་གི་རྣམ་ཐར་ལས་གསལ་པས།  དགོན་འདི་གནས་སྤོས་བྱས་ནས་ལོ་བཞི་བརྒྱ་ལྷག་ཅིག་སོང་ཡོད་པ་རྟོགས་ཐུབ། IMG_0010.jpg

        ཇོ་བོ་ངག་དབང་རྣམ་རྒྱལ་ཞེས་པ་ནི་བལ་བོད་གཉིས་ཀྱི་ས་མཚམས་གནའ་དུས་རང་བྱོན་ཇོ་བོ་ཝ་ཏི་བཟང་པོའམ་ད་ལྟ་སྐྱིད་གྲོང་ཇོ་བོ་རུ་འབོད་སྲོལ་ཡོད་པ་གང་དེའི་ཉེ་འགྲམ་ཏེ་སྐྱིད་གྲོང་རང་དུ་འཁྲུངས་། ཁོང་ནི་འབྲུག་པ་བཀའ་བརྒྱུད་ཀྱི་རིང་ལུགས་ལ་མོས་པ་ཞིག་ཡིན་ཞིང་། འབྲུག་རྙིང་ཟུང་འབྲེལ་གནང་མཁན་བྲག་དཀར་གདན་རབས་པ་{བྲག་དཀར་གྱི་གདན་འཛིན་པ་རྣམས་ནི་འབྲུག་རྙིང་ཟུང་འབྲེལ་ཡིན་པ་འཛི་སྒར་དྲ་བར་གསལ།) མཁས་གྲུབ་ཀརྨ་བློ་བཟང་སོགས་བླ་མའི་གཙོ་བོར་བཀུར། དེ་མིན་མངའ་རིས་གཏེར་སྟོན་གར་དབང་རྡོ་རྗེ་(༡༦༤༠།༡༦༨༥)དང་བླ་སློབ་བྱས་པ་ཁོང་གི་རང་རྣམ་དུ་གསལ་བ་ནི།  “པད་འབྱུང་གཉིས་པ་གར་དབང་རྡོ་རྗེའི་ཞབས།། སྤྱི་བོར་བརྟེན་ཞིང་ཐུགས་ཡིད་གཅིག་ཏུ་འདྲེས།། ཕ་བུ་ཕྲད་པའི་དགའ་ཉམས་ཚུལ་བཞིན་དུ།། ཟབ་གཏེར་སྨིན་གྲོལ་གདམས་པས་རྗེས་སུ་བཟུང་།། དེ་ཀུན་བན་ཆུང་བདག་གི་རྣམ་ཐར་ལགས།། “ཞེས་འཁོད་ཡོད། གར་དབང་རྡོ་རྗེ་ལས་གཏེར་ཆོས་ཆ་ཚང་གསན་ནས་གཙིགས་ཆེར་མཛད་པ་མ་ཟད། ཁོང་གིས་ཀྱང་དེ་དུས་འབྲུག་རྙིང་ཟུང་འབྲེལ་གནང་། དེར་བརྟེན་ད་ལྟའི་དགོན་འདི་ཉིད་ཀྱི་ནང་རྟེན་གཙོ་བོ་ཡང་མངའ་རིས་གཏེར་སྟོན་གར་དབང་རྡོ་རྗེའི་དབུ་ཞྭ་མཐོང་གྲོལ་ཆེན་མོ་ཞེས་པ་དེ་ཡིན་པ་དང་། གཞན་ཡང་པདྨའི་ལུང་གིས་ཟིན་པར་གྲགས་པའི་ཨོ་རྒྱན་དཔལ་བཟང་ནས་སྤྲུལ་སྐུ་སྙིང་ཐིག་དང་། གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལ་སོགས་པ་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པར་གསལ། སྐུ་ཆུང་ངུའི་དུས་སྤྲུལ་སྐུ་བསྟན་འཛིན་ནོར་བུ་{༡༥༩༨།༡༦༤༤}སོགས་དམ་པའི་སྐྱེ་བུ་དུ་མ་ལས་ཆོས་འབྲེལ་ཐོབ་པར་རྒྱས་པར་ཁོང་གིས་བྲིས་པའི་རང་རྣམ་ལས་མཇལ་ཆོག  

      དེ་ནས་རིམ་བཞིན་ཇོ་བོ་ངག་དབང་དོན་གྲུབ་ཀྱི་སྐུ་དུས་སུ་ཐོན་དུས་གནམ་དགུང་དགོན་གྱི་བཅའ་ཡིག་ཆེན་མོ་ཞེས་པ་ཡུལ་དགོན་གཉིས་འཛོམས་ཐོག་བཟོས་ཤིང་། དེའི་རྒྱབ་རྟེན་ཡིག་ཆར་གློ་བོ་ཆོས་རྒྱལ་ཤྲཱི་ཤྲཱི་ཤྲཱི་ཨ་མགོན་བསྟན་འཛིན་འཇམ་དཔལ་དགྲ་འདུལ་(Honourable Colonel of Royal Nepalese Army) གྱིས་གནང་འདུག(ཁོང་ཉིད་ཕྱི་ལོ་༡༩༣༥།༡༩༥༥།བར་དང་ཡང་༡༩༥༨།༡༩༦༤བར་རྒྱལ་སྲིད་ལན་གཉིས་སྐྱངས།)ཡུལ་དགོན་གཉིས་འཛོམས་སར་བཟོས་པའི་དགོན་གྱི་བཅའ་ཡིག་དེའི་ནང་གྲྭ་བཙུན་གྱི་སྒྲིག་གཞི། དགོན་པའི་ས་ཚིགས་སོགས་ཁ་གསལ་དོན་གསལ་དུ་འཁོད་པ་དང་། གཅའ་ཡིག་ཏུ་བུ་གསུམ་བར་པ་ཞེས་པ་ཞིག་ཡོད་པ་དེའི་དོན་ནི་ཡུལ་གྱི་གྲོང་མི་ཁྱིམ་ཚང་ཞིག་ལ་གལ་ཏེ་བུ་གསུམ་ཡོད་ན་བུ་བར་པ་དེ་དགོན་འདིའི་གྲྭ་ཁོངས་སུ་བཙུད་དགོས་པ་དང་།  དེ་ནི་ཡུལ་དགོན་གཉིས་བར་གྱི་འབྲེལ་བ་དམ་ཟབ་ཡོང་ཞིང་། དཀའ་རྙོག་སོགས་མི་འབྱུང་བ་དང་མཐར་ཕུགས་རྒྱལ་བའི་བསྟན་པ་ཡུན་གནས་ཆེད་ཡིན་པར་གཅའ་ཡིག་ཏུ་གསལ།  5.jpg

        ཕྱིས་སུ་དགོན་དེར་བཀའ་བརྒྱུད་འཇམ་དབྱངས་བསྟན་འཛིན་དང་། བླ་མ་རྩེ་བ་ཞུ་བ་སོགས་བླ་རབས་རིམ་པར་བྱོན་ཅིང་། ལྷག་པར་དུས་རབས་བཅོ་བརྒྱད་པའི་ནང་དོལ་པོ་ཉིན་ཆུང་གྲུབ་ཐོབ་ཨོ་རྒྱན་ཆོས་བཟང་ཞུ་བ་གནས་འདིར་ཞབས་ཀྱིས་བཅགས་ཏེ་ཉིན་ཆུང་བླ་བྲང་ཕྱག་བཏབ་པ་དང་། ཁོང་གི་སྲས་བླ་ཆུང་བསོད་ནམས་རྒྱལ་མཚན་གྱིས་གནམ་དགུང་དགོན་པ་ཡུན་རིང་བསྐྱངས། དུས་རབས་བཅུ་དགུའི་མགོ་སྟོད་ཙམ་ལ་ཉིན་ཆུང་གྲུབ་ཐོབ་སྐུ་འཕྲེང་གཉིས་པ་ཨོ་རྒྱན་བསྟན་འཛིན་ཞུ་བ(༡༩༠༨/༡༩༧༨) ས་ལྡང་གབ་པའི་རུས་བརྒྱུད་དོལ་པོ་ཤེལ་རི་མཆོག་སྤྲུལ་ཨོ་རྒྱན་བསྟན་འཛིན་རབ་རྒྱས་ཀྱི་སྲས་སུ་འཁྲུངས། རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེས་ཡེ་ཤེས་དབྱིངས་དཔྱད་ཀྱིས་གོང་མའི་ཁྲིར་གསོལ་ཞིང་ས་ལྡང་ཡུལ་དགོན་གཉིས་ཀྱིས་གསོལ་འདེབས་མོས་པའི་རེ་བ་བཞིན་གནམ་དགུང་དགོན་པའི་བསྟན་བདག་བྱས།3.jpg

        གྲགས་ཚུལ་ལ་ཁོང་ནི་མི་མིན་འབྱུང་པོ་ཚར་གཅོད་པ་སོགས་ལས་བཞིའི་ཕྲིན་ལས་མངའ་བརྙེས་པ་ཞིག་ཡིན་པར་བཤད་ལ། དོན་དངོས་སྟེང་སྨན་ལ་མཁས་ཤིང་ལག་ལེན་ལ་བྱང་ཆུབ་པ་ཞིག་ཡིན་པས། དོལ་ཕྱོགས་གྲུ་བཞི་དང་། མངའ་རིས་འབྲོག་ཁུལ། མུ་ཁུམ་སོགས་ཕྱོགས་བཞིའི་ཡུལ་གྲུ་དུ་མའི་ནད་གནར་མང་པོ་སྲོག་གི་འཇིག་ཉེན་ལས་བསྐྱབས་པའི་འགྲོ་དོན་བྱས།དེ་ནས་ཉིན་ཆུང་སྐུ་ཕྲེང་གཉིས་པའི་ཞལ་ཆེམས་སུ་གདུང་སྲས་སྤྲུལ་སྐུ་བསྟན་འཛིན་ཆོས་བཟང་སྐུ་ནར་མ་སོན་བར་དུ་ཁོང་དང་མ་ཡུམ་གཅིག་པའི་གཅེན་པོ་བླ་མ་བསྟན་འཛིན་ཆོས་རྒྱལ་མཆོག་གིས་གཟིགས་སྐྱོང་རོགས་རམ་མཛད་དགོས་པ་དང་། གདུང་སྲས་སྐུ་ནར་སོན་པ་དང་དགོན་པ་ཁོང་ལ་རྩིས་འབུལ་དགོས་པའི་ཐུགས་འདོད་ལྟར། གདུང་སྲས་སྤྲུལ་སྐུ་བསྟན་འཛིན་ཆོས་བཟང་ཆུང་ཆུང་སྐབས་གནམ་དགུང་དགོན་པ་འཛིན་སྐྱོང་གི་རོགས་བྱས་ཏེ། སྔར་གྱི་དགོན་ས་རྙིང་པར་ཆུ་དང་ལམ་གྱི་དཀའ་ངལ་ཡོད་པར་བརྟེན།  དགོན་ས་གནས་སྤོས་དང་གསར་བཞེངས་སོགས་དགོན་དེར་ཕན་པའི་ལས་གཞི་རྒྱ་ཆེན་བྱས།IMG_2910-FullSizeRender (1).jpg

         བར་ལམ་དགོན་ཁག་གཉིས་ཀའི་སྐུ་རྟེན་དང་གསེར་ཐང་སོགས་དུས་རབས་བཞི་ལྷག་གི་ལོ་རྒྱུས་ལྡན་པའི་རིན་ཐང་ཅན་ཡོངས་རྫོགས་བར་བརླག་ཤོར།  གདུང་སྲས་ནར་སོན་ཏེ་ཡབ་ཀྱི་ཞལ་ཆེམས་ལྟར་གནམ་དགུང་དགོན་པའི་བསྟན་བདག་མཛད་ཅིང་།  ད་ལྟ་ཡང་གདུང་སྲས་ཨོ་རྒྱན་རྒྱལ་མཚན་ལགས་ལ་ཕྱར་གྲུ་མཉམ་འདེགས་ཀྱིས་དགོན་དེ་སྐྱོང་བའི་རོགས་དན་མཛད་བཞིན་པ་ཡིན། ས་ལྡང་མི་དམངས་ཀྱི་རེ་མོས་ལྟར་ད་སྐབས་གདུང་སྲས་ཨོ་རྒྱན་རྒྱལ་མཚན་ལགས་ཀྱིས་གནམ་དགུང་དགོན་པའི་ཁྲི་ཐོག་བླ་རབས་ཀྱི་འགན་ཁུར་ཞིང་། གདན་རབས་སྔ་ཕྱིའི་ལུགས་བཟང་མ་ཉམས་པར་འཛིན་པ་ལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་རྒྱབ་གཉེར་ཕྱག་ཡིག་སྦུག་ཐམ་དང་བཅས་པ་གནང་སྟེ་ཉིན་ཆུང་བླ་བྲང་དང་གནམ་དགུང་དགོན་གཉིས་ཀ་འཛིན་སྐྱོང་དང་ཉམས་གསོ་གནང་བཞིན་ཡོད། 10.jpg

        གཞན་ཡང་དགོན་འདི་ཉིད་ཀྱི་བླ་མའི་སྤྲུལ་རྒྱུད་དང་གདུང་རྒྱུད་གཉིས་སུ་ཕྱེ་བའི་སྤྲུལ་རྒྱུད་ནི། དོལ་པོ་ཉིན་ཆུང་སྤྲུལ་སྐུ་ཨོ་རྒྱན་ཆོས་དབྱིངས་ཡེ་ཤེས་སམ་ཡོངས་གྲགས་དོལ་པོ་སྤྲུལ་སྐུ་ཞེས་པ་ཁོང་ཡིན་ལ།  ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་པ་དང་དེའི་རྗེས་རྣམ་གྲོལ་གླིང་དུ་ཐོས་བསམ་མཛད་ཅིང་མཁས་གྲགས་འཛོམས་པ་ཞིག་ཞིང་དོལ་པོ་གཙོས་གང་སར་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཉེར་བཞིན་ཡོད་པ་རེད།  

        དགོན་འདི་ནི་སྔོན་བཀའ་རྙིང་ཟུང་འབྲེལ་གྱི་རང་ལུགས་སྐྱོང་མཁན་ཞིག་ཡིན་པ་དང་། ད་ལྟ་སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་མཁན་དུ་གྱུར་ཡོད། ལོ་རེ་བཞིན་དཔྱིད་ཀྱི་ཚེས་བཅུ་ཆེན་མོ་དང་། དབྱར་གྱི་སྤྲེལ་ཟླ། སྟོན་གྱི་བལ་ཆོག དགུན་གྱི་དགུ་གཏོར། གཞན་ཡང་དབྱར་གྱི་ལྷ་གསོལ་དང་། དགུན་གྱི་ལྷ་གསོལ་སོགས་འཚོགས་སྐབས་བཀའ་རྫོགས་པ་ཆེན་པོ་ཡང་ཟབ་དཀོན་མཆོག་སྤྱི་འདུས། ཀློང་ཆེན་སྙིང་ཐིག ཚོགས་ལས་རིན་ཆེན་ཕྲེང་བ། སྒྲོལ་ཆོག་མནྜལ་བཞི་མཆོད་སོགས་རིག་འཛིན་གོང་མའི་ལུགས་ལྟར་མ་ཉམས་པར་རྒྱུན་འཛིན་བཞིན་ཡོད་པ་བཅས་ནི་གནམ་དགུང་དགོན་གྱི་ངོ་སྤྲོད་མདོ་ཙམ་བྱས་པའོ།།

 

རྫ་ཆུའི་རླབས་སྒྲའི་རྩོམ་གཞན་གྱིས་དགོལ་བཏ་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།