དོལ་པོ་མོལ་བའི་སྔོན་འགྲོའི་གཏམ།___ཆོས་འཁོར་ཚང་ཉི་མ་འོད་ཟེར།

1022

རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ཨུན་ཆེན་ཚངས་པའི་སྒྲ་དབྱངས་»ཞེས་པའི་དེབ་ཀྱི་སྔོན་གླེང་།

རྩོམ་པ་པོ། འབུམ་རམས་པ་དོལ་པོ་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར།

༼ཨུན།༽

“དོལ་པོ་”ཞེས་པ་ནི། ནམ་གུང་ཚོ་གསུམ་དང༌། བན་ཚང་ཚོ་གསུམ། མདོ་སྟག་ཚོ་གསུམ། རྟང་གཤོང་ཚོ་གསུམ་བཅས་་དོལ་ཕྱོགས་གྲུ་བཞི་”འདི་ལ་ཟེར་བར་ཡོངས་སུ་གྲགས།

སྔ་མོའི་དུས་ནས་བཟུང་སྟེ་དུས་རབས་བརྒྱད་པའི་བར་ཡུལ་ཁམས་འདི་ཉིད་ཡ་ཐོག་ཞང་ཞུང་གི་བོན་ཁམས་སུ་གྲགས་པའི་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་མངའ་རིས་སུ་གཏོགས་པར་སྨོས་སུ་མེད་ཀྱང་། ཡར་ཀླུང་གི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་བཀྲོངས་རྗེས་དོལ་པོ་འདི་རང་དབང་གི་ཡུལ་གྲུ་ཞིག་ཏུ་གྱུར་བར་སྣང་ཏེ། སྐབས་དེར་ཡར་ཀླུང་ནས་སྤྲུགས་པའི་བོན་གཤེན་རྣམས་ཀྱིས་རྟེན་ཡུལ་དང༌། བོན་གྱི་བསྟན་པ་སྐྱོང་གཞིའི་ལྷོ་དོམ་སྒྲོ་ནག་པོ་ཟེར་བའང་འདི་ཕྱོགས་སུ་གོ་བའི་ཕྱིར། དེ་བཞིན་ཕྱིས་ཡར་ཀླུང་གི་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་སྐབས་དོལ་པོའི་སྨན་པ་གྲགས་ཅན་ཁྱོལ་མ་རུ་རྩི་ཡིས་མི་འཇིག་བརྒྱད་ཀྱི་མཚོན་ཆ་དང༌། རྩའི་ལ་ཉེ། གཏར་ཁའི་དཔྱད་ཀྱི་སྨན་གཞུང་རྣམས་བརྩམས་པས། བོད་ཀྱི་རྒྱལ་པོས་ཀྱང་ཁོང་ལ་རྒྱ་གར་དང་རྒྱ་ནག ཁ་ཆེ་དང་རྟག་གཟིགས། གྲུ་གུ་དང་བལ་པོ་བཅས་ཀྱི་འཚོ་བྱེད་གྲགས་ཅན་དག་དང་བཀུར་མཐོང་འདྲ་མཉམ་ཕུལ་བའི་ལོ་རྒྱུས་བོད་ན་དར་བ་སོགས་ཀྱི་ཤུགས་ལའང་ངེས་པས་སོ།།

འོན་ཀྱང་དུས་རབས་བཅུ་པ་ནས་བཟུང་ཡར་ཀླུང་རྒྱལ་རྒྱུད་ཀྱིས་མངའ་རིས་སྐོར་གསུམ་བདག་གིར་བཞེས་རྗེས་དོལ་ཕྱོགས་གྲུ་བཞི་འདི་ཉིད་སྤུ་རུང་གི་རྒྱལ་པོ་བཀྲ་ཤིས་མགོན་ལ་དབང་བར་གྱུར། དེ་རྗེས་དུས་རབས་བཅུ་གཅིག་པར་དོལ་པོ་དང་གློ་བོ་གཉིས་ཡ་རྩེ་རྒྱལ་པོའི་མངའ་འོག་ཏུ་ཚུད་པས་མ་ཚད། ཐོན་ཀུན་དགའ་རྒྱ་མཚོའི་དུས་(༡༠༢༧) ཧོར་ནག་མོ་ཨར་སླན་གྱི་རྒྱུད་པ་བྷ་ར་དན་དུར་ཟེར་བས་སྐལ་མོན་རྣམས་སེ་རིབ་དང༌། མུ་ཁུམ། ཏི་ཆུ་རོང་དུ་བཅུག་རབས་མར ལུང་རྣམ་ཐར་དུ་གསལ། དུས་རབས་བཅུ་གསུམ་པར་ (༡༢༥༣) གུང་ཐང་གི་རྒྱལ་པོ་མགོན་པོ་ལྡེས་ཡ་རྩེའི་རྒྱལ་པོ་ལས་དོལ་པོ་དང་གློ་བོ་གཉིས་འཕྲོག་སྟེ། བརྒྱ་ཚོ་བཅུ་གསུམ་གྱི་ཁོངས་སུ་བཅུག དེ་རྗེས་ཁྲི་སྐོར་བཅུ་གསུམ་དུ་ཚུད་ཅིང་། བན་ཚང་དུ་སོག་པོའི་བཙན་འཛུལ་ཡང་བྱུང་བར་རྣམ་གྲོལ་བཟང་པོའི་རྣམ་ཐར་གྱིས་བཤད།

དུས་རབས་བཅུ་བཞི་པར་གུང་ཐང་གི་རྒྱལ་པོ་བསོད་ནམས་ལྡེས་སྤུ་རྭང་དབང་དུ་སྡུད་སྐབས་དམག་དཔོན་ཁྲི་པ་བྱིར་མའི་གཅུང་པོ་ཆོས་སྐྱོང་འབུམ་གྱིས་མཛད་རྗེས་བཞག་པའི་བྱ་དགའ་རུ་ཁོང་ཉིད་དོལ་པོ་དང་གློ་བོའི་མི་དཔོན་དུ་བསྐོས་རབས་གུང་ཐང་གདུང་རབས་སུ་སྣང༌། འོན་ཀྱང་དུས་རབས་བཅོ་ལྔ་པའི་ (༡༤༤༠) ནང་དོལ་པོ་ནི་རང་ཡུལ་གྱི་རྒྱལ་པོ་ར་ནག་ཟེར་བའི་རྒྱུད་འཛིན་ཞིག་གིས་འཛིན་སྐྱོང་བྱེད་ཀྱིན་ཡོད་སྟབས། དེ་དུས་གཙོ་ཚོ་བ་རྣམས་དོལ་པོའི་ར་ནག་རྒྱལ་པོར་སྐྱབས་ཞུ་མཛད་རབས་བཙུན་པ་ཆོས་ལེགས་ཀྱི་རྣམ་ཐར་དུ་གསལ། དེ་ནས་དུས་རབས་བཅོ་ལྔ་པར་ (༡༤༤༦) གློ་བོའི་རྫོང་དཔོན་རྣམས་ཀྱིས་མེན་ཞང་པ་དང་གཙོ་ཚོ་བ་རྣམས་བརྟུལ་རྗེས་དབང་ཤུགས་རྒྱས་ཏེ་སྔར་གྱི་སྡེ་པ་རྣམས་ཕྱིས་ཁྲི་ཐོག་པར་གྱུར་ཞིང་དུས་རབས་བཅུ་དྲུག་པ་ནས་རྒྱལ་པོར་གྱུར་བས། དོལ་པོ་ཡང་དུས་རབས་བཅོ་བརྒྱད་པའི་དཀྱིལ་མཚམས་བར་རྒྱལ་པོ་དེ་དག་གི་མངའ་ཞབས་སུ་གནས་སམ་སྙམ། དེ་ལྟར་ནའང་ཕྱི་ལོ་ ༡༧༦༩ ལོར་གྷོར་ཁའི་རྒྱལ་པོས་ཡམ་བུའི་རྒྱལ་སྲིད་བཟུང་དུས་དོལ་ཕྱོགས་གྲུ་བཞི་ཡོངས་རྫོགས་རང་བཞིན་གྱིས་བལ་པོའི་ཁ་ཞབས་སུ་ཤོར་བ་ཡིན།

༼ཆེན།༽

དོལ་ཕྱོགས་གྲུ་བཞི་འདིར་ཐུབ་ཆོས་དར་ལ་སྔ་བ་ནི་སྙིང་ཆོས་རང་དུ་ངེས་ཏེ། དེ་ཡང་བཀྲ་ཤིས་མགོན་གྱིས་དོལ་པོ་དབང་བསྒྱུར་མཛད་རྗེས། དོལ་ཕྱོགས་གྲུ་བཞིའི་བོན་པོ་མང་དག་ཅིག་རྙིང་མར་བསྒྱུར་བས། དུས་རབས་བཅུ་གཅིག་པའི་ནང་རྟ་རབ་ཀྱི་མཁར་པ་དང་། བྱི་གཅེར་གྱི་ཕུག་པ། ནམ་སྟོད་ཀྱི་ཟེལ་པ་སོགས་དོལ་པོའི་གཅེས་ཕྲུག་ལྔ་ཡིས་མི་ལ་རས་པ་ (༡༠༤༢-༡༡༢༣) དང་འགྲོགས་ཏེ། དབུས་གཙང་ཡར་ལུང་ཕྱོགས་ནས་མཐུ་དང་ཆོས་སོགས་བསླབ་ཅེས་གཙང་སྨྱོན་ཧེ་རུ་ཀས་གསུངས་པ་དག་ཀྱང་རྙིང་མའི་བླ་བྲང་པ་ཁོ་ནར་སྣང༌།

དེ་ནས་དུས་རབས་བཅུ་གཉིས་པའི་ནང་དོལ་ཕྱོགས་འདིར་ཚལ་པ་སོགས་བཀའ་བརྒྱུད་པའི་འགྲོ་དོན་ཅུང་ཟད་བྱུང་བར་སྣང་ཡང་དར་བའི་གསལ་ཁ་མ་མཐོང་། འོན་ཀྱང་དུས་རབས་བཅུ་གསུམ་པའི་ནང་ (༡༢༥༣) ས་སྐྱས་བོད་ཁམས་ཡོངས་རྫོགས་དབང་བསྒྱུར་སྐབས་དོལ་པོའི་བོན་པོ་དང་རྙིང་མའི་ཁ་གནོན་དུ་ཆོས་རྫོང་ཡི་གེ་དྲུག་མ་ཞེས་པའི་མཁར་ཞིག་བརྩིགས་ཀྱང་ཟེར། དེ་དུས་དོལ་ཕྱོགས་སུ་ས་ངོར་གྱི་བླ་མ་ལ་སྔ་བ་གཉན་གཙུག་སྣ་རིན་ཆེན་གྱིས་བྱི་གཅེར་དུ་གནས་གསར་བླ་བྲང་བཏབ་ལ། དེའི་ཚ་རྒྱུད་མཁན་པོ་འཇམ་དབྱངས་བྱ་བས་བྱི་གཅེར་ཆོས་པའི་ལྷ་ཁང་བཞེངས་ཤིང༌། ཀརྨ་རོང་གི་ལུང་ཕྲན་བཅུ་གཉིས་ཀྱང་དབང་དུ་བསྡུས་སོ་ལོ། དེ་བཞིན་དུས་རབས་བཅོ་ལྔ་པར་ནམ་གུང་ཚོ་གསུམ་དུ་ངོར་ཆེན་བསོད་ནམས་བློ་གྲོས་ཀྱི་སློབ་མ་ཆོས་སྐྱབས་དཔལ་བཟང་གིས་གཡང་འཚེར་དགོན་པ་བཏབ་ནས་མཁན་རབས་འཇམ་དབྱངས་བཅུ་གསུམ་དུ་བྱོན་པར་གྲགས།

དོལ་པོ་འདིར་བཀའ་བརྒྱུད་ནི་དུས་རབས་བཅུ་གསུམ་པའི་ནང་གྲུབ་ཐོབ་སེང་གེ་ཡེ་ཤེས་ཀྱིས་དོལ་པོ་ཤེལ་གྱི་རི་བོ་འབྲུག་སྒྲའི་གནས་སྒོ་ཕྱེས་ནས་བཟུང་ཐོག་མར་འབྲི་གུང་དར་རམ་སྙམ་སྟེ། དེ་ཕྱིན་མངའ་རིས་སྟོད་ཀྱི་རི་སུལ་ཐམས་ཅད་འབྲི་གུང་པའི་སྒོམ་ཆེན་གྱིས་ཁྱབ་པར་གྲགས་པས་སོ། །འོན་ཀྱང་ཕྱིས་འབྲུག་པ་དང་མཚུར་ལུགས་ཀྱང་རིམ་པས་དར་བར་གྱུར། དེས་ན་ཐུབ་ཆོས་འདྲ་མིན་དོལ་པོར་བྱུང་ཚུལ་རྣམས་བོད་དུ་དར་ཚུལ་གྱི་གོ་རིམ་དང་ཅུང་ཟད་མཚུངས་ཀྱང༌། རི་བོ་དགེ་ལྡན་པའི་གྲུབ་མཐའ་ནི་དོལ་ཕྱོགས་འདིར་ཡེ་ནས་མ་དར་རོ།།

༼ཚངས།༽

“སྤྱིར་ཡང་དོལ་པོ་འདི་ན་གཞན་ཅི་ཡང་མི་འདུག་སྟེ། བླ་མ་བཟང་པོ་རིམ་པར་བྱོན་པ་འདིའི་བསོད་ནམས་ཆེ།” ཞེས་བྱི་གཅེར་བ་རྣམས་ཀྱིས་གསུངས་པ་ཆོས་སྐྱབས་དཔལ་བཟང་གི་རྣམ་ཐར་དུ་གསལ་བ་བཞིན་སྔར་ནས་ད་བར་དོལ་ཕྱོགས་འདིར་བན་བོན་གཉིས་ཀར་བླ་མ་གྲགས་ཅན་མང་རབ་བྱུང་སྟེ། དཔེར་ན། དུས་རབས་བཅུ་པའི་ནང་ལོ་ཙཱ་བ་རིན་ཆེན་བཟང་པོའི་སློབ་མ་ཀ་བ་བཞི་རུ་གྲགས་པའི་ནང་དོལ་པོ་བ་བྱང་ཆུབ་སྙིང་པོ་བྱ་བས་སྟོད་སྨད་བར་གསུམ་ཀུན་ཏུ་ལོ་ཆེན་མཆོག་དང་ལྷན་དོལ་པོའི་མིང་གི་སྙན་པ་ཅུང་ཟད་སྤེལ་ཡོད།

ཁྱད་པར་དུ་དོལ་པོ་བ་ཤེས་རབ་རྒྱལ་མཚན་(༡༢༩༢-༡༣༦༡) མཆོག་དགུང་ལོ་བཅུ་བདུན་ཐོག་བན་ཚང་ནས་བྲོས་ཏེ། གློ་བོ་བརྒྱུད་དེ་དབུས་གཙང་གི་ཆོས་སྡེ་ཕལ་མོ་ཆེར་གྲྭ་སྐོར་མཛད་པས་“ཀུན་མཁྱེན་དོལ་པོ་སངས་རྒྱས་སུ་གྲགས་ཤིང༌། ཇོ་ནང་གི་གདན་ས་བཟུང་སྟེ་རང་བཞེད་ཐུན་མིན་གཞན་སྟོང་གི་ལྟ་སྒོམ་ཁྱད་པར་ཅན་ཐུགས་ལ་འཁྲུངས་པ་རྩལ་དུ་བཏོན་ནས་འཆད་འཁྲིད་དང་གསུང་རྩོམ་མཛད་པས། ཇོ་ནང་ཞེས་རྩོད་བྲལ་གྱི་གྲུབ་མཐའ་ཞིག་ཏུ་སྲོལ་གཏོད་དེ། “ཀུན་མཁྱེན་དོལ་པོ་བ་”ཞེས་འཛམ་གླིང་འདིར་དོལ་པོའི་མིང་གི་བག་ཆགས་ཟབ་མོ་ཞིག་ཀྱང་འཇོག་པར་མཛད།

དེ་བཞིན་ས་སྐྱའི་དུས་སུ་གཙང་གི་གདན་ས་རྣམས་སུ་དོལ་པོའི་བླ་མ་གྲགས་ཅན་མང་བས་འདིར་བརྗོད་ཀྱིས་མི་ལང་ཡང་། བླ་མ་དེ་དག་དང་ལྷན་དུ་དོལ་པོའི་གྲྭ་རྒྱུན་ཡང་མང་སྟབས། ངོར་པའི་དགོན་ཆེན་གཙང་ཐུབ་བསྟན་རྣམ་རྒྱལ་ན་དོལ་པོའི་གྲྭ་ཁང་མང་རབས་ཀྱང་གཡང་འཚེར་མཁན་པོ་བསོད་ནམས་དབང་ཕྱུག་ (༡༦༦༠-༡༧༣༡) གི་རྣམ་ཐར་དུ་གསལ།

དེ་བཞིན་དོལ་པོའི་བླ་མའི་སྙན་པ་ལ་བརྟེན་ནས་དུས་རབས་བཅུ་བདུན་པར། འབྲས་མོ་ལྗོངས་ནས་བཙུན་མ་ལྔ་ཙམ་དོལ་པོར་བྱོན་ནས་འཇམ་པའི་དབྱངས་བསོད་ནམས་དབང་ཕྱུག་ལ་འབྲས་ལྗོངས་སུ་ཕེབས་དགོས་ཀྱི་སྔ་ཞུས་ཕུལ་བའི་ལོ་རྒྱུས་ཡོད་ལ། དེ་སྔོན་གཅིག་ཆོད་དད་པ་ཤེས་རབ་ཁོང་ལྷོ་མོན་ཡུལ་འབུམ་ཐང་སོགས་ལའང་འགྲོ་དོན་ཆེ་རབས་ཀྱང་མཐོང་།

ལྷག་ཏུ་ཕྱོགས་མཐའི་ཡུལ་གྲུ་རྣམས་མངའ་དབང་སྟོབས་འབྱོར་ཆེ་ཡང་དོལ་པོའི་ཆོས་སྤྱོད་ལ་ཐུགས་སེམས་མི་ཤོར་བ་ཤིན་ཏུ་དཀོན་ཏེ། དམར་སྒོམ་མཁན་པོ་ངོར་ཆེན་བསོད་ནམས་བློ་གྲོས་ (༡༤༥༦-༡༥༢༡) ཀྱིས་མུ་གུམ་དུ་འགྲོ་དོན་རྒྱ་ཆེར་མཛད་པར། འཛུམ་ལང་མོན་གྱི་རྒྱལ་མོས་ཆེ་བསྟོད་ཐམ་ཀ་སོགས་ཕུལ་རབས་ཉིད་ཀྱི་རྣམ་ཐར་དུ་གསལ་ཞིང༌། མོན་གྱི་རྒྱལ་པོ་འབྱིད་རས་མཉེལ་དུས་ཀྱང་འཛུམ་ལང་ནས་རྒྱལ་པོ་ཛ་ལི་ཕན་གྱིས་དོལ་པོར་མོན་གཉིས་མངགས་ནས། ཧྲབ་ཀྱི་མཁན་པོ་དཔལ་ལྡན་བློ་གྲོས་ (༡༤༦༧-༡༥༣༦) ལས་བརྟག་པ་ཞུས་ཚུལ་ཡང་ཁོང་གི་རྣམ་ཐར་དུ་མཐོང་། དེ་བཞིན་དུས་རབས་བཅུ་དྲུག་པའི་ནང་དུ་གློ་བོའི་དབོན་པོ་ཁང་དཀར་བ་རྣམས་ནང་འཁྲུགས་བྱུང་དུས་ཀྱང་འཛུམ་ལང་མོན་གྱི་རྒྱལ་པོས་འདུམ་འགྲིག་མཛད་པའི་དཔང་པོ་ལའང་དམར་སྒོམ་ཆོས་སྐྱབས་དཔལ་བཟང་ (༡༤༧༦-༡༥༦༥) ཡང་གདན་འདྲེན་ཞུས་རབས་ཁོང་གི་རྣམ་ཐར་དུ་ཡོད་པས་སོ།།

༼པའི།༽

བོན་ཕྱོགས་སུའང་སྔར་སྙེལ་དང་ཡ་ངལ་སོགས་ཀྱིས་གཙོས་པའི་རྒྱུད་འཛིན་འདྲ་མིན་གྱིས། གཡུང་དྲུང་བོན་གྱི་བསྟན་པར་ཞབས་འདེགས་མི་དམན་ཙམ་ཞུས་པའི་ནང་ནས་མཛད་རྗེས་ཆེ་ཤོས་ནི་ཤོས་ནི། སྤྲུལ་སྐུ་ཡང་སྟོན་ཆེན་པོའི་རྒྱུད་འཛིན་རྣམས་ཡིན་པར་མངོན་ལ། དེ་དག་ཕལ་མོ་ཆེའི་རྣམ་ཐར་ཟུར་དུ་ཡོད་པས་མ་ཚད། གློ་ཕྱོགས་སུའང་ཡང་སྟོན་བླ་མ་འདྲ་མིན་གྱི་རྟོགས་བརྗོད་ཡིག་ཐོག་ཏུ་མ་འཁོད་པའི་བཤད་སྲོལ་ཡང་མང་བར་སྣང་།

རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ཨུན་ཆེན་ཚངས་པའི་སྒྲ་དབྱངས་འདི་ཉིད་ཡང་སྒོམ་མི་འགྱུར་རྒྱལ་མཚན་གྱིས་མཛད། ཁོང་ནི་ནམ་གུང་ཚོ་གསུམ་སྟེ། གསལ་དྭངས་ནམ་སྟོད་ཚོ་གཅིག དཀར་རང་ཏི་ལིང་ཚོ་གཅིག བྱི་གཅེར་ཡུལ་སྨད་ཚོ་གཅིག ཅེས་པའི་ཕྱི་མ་བྱི་གཅེར་ཡུལ་དགོན་བཞི་ཡི་ནང་ཚན་བསམ་གླིང་དགོན་པའི་བླ་རབས་ཤིག་ཀྱང་ཡིན།

དོལ་པོའི་བསམ་གླིང་དགོན་པ་འདི་ནི། རྒྱལ་གཤེན་ཡ་ངལ་པའི་གདན་ས་ཡིན་པའི་སྟེང༌། གློ་བོ་དང༌། དོལ་པོ། འབྲོག་པ་གསུམ་གྱི་དགོན་གནས་དག་གི་མ་དགོན་ལྟ་བུར་སྣང་སྟེ། དགོན་གནས་འདི་ཉིད་འདེབས་མཁན་ཡང་སྟོན་རྒྱལ་མཚན་རིན་ཆེན་ཁོང་། གློ་དོལ་འབྲོག་གསུམ་གྱི་གྲྭ་པ་བུ་སློབ་ཀུན་བསྡུས་ཏེ་གཙང་སྟོད་ནས་གདན་འདྲེན་ཞུས་པར་སྙན་རྒྱུད་བླ་མའི་རྣམ་ཐར་དུ་གསལ་བས་སོ། །ལར་དགོན་གནས་འདི་ཉིད་གནའ་དུས་ནས་དོལ་ཕྱོགས་གྲུ་བཞི་འདིར་སྙན་གྲགས་ཅི་འདྲ་ཡོད་པ་ནི། རིས་སུ་མ་ཆད་པའི་དོལ་པོའི་རྒན་གཞོན་ཀུན་གྱི་ངག་ན་“་བསམ་གླིང་དགོན་པ་”ཞེས་པའི་བསྟོད་གླུ་དེ་གཤར་རེ་ཡོད་པ་དེ་ལས་ཤེས།

ཕྱིས་དུས་རབས་ཉི་ཤུ་བའི་ནང་གཙང་ནས་གདན་ས་གོང་འོག་གི་༧མཁན་སློབ་སོགས་ཀྱིས་གཙོས་པའི་བླ་སྤྲུལ་དགེ་བཤེས་དུ་མས། གཡུང་དྲུང་བོན་གྱི་བསྟན་པ་འདི་ཉིད་བསྐྱར་གསོའི་ཆེད་གསུང་རབ་དཔར་དུ་བསྐྲུན་སྐབས། དཔེ་རྙིང་གཡར་པོའི་མཐུན་རྐྱེན་ཡང་དགོན་གནས་འདིས་མཛད་དེ། ༧དཔལ་གཤེན་བསྟན་སྨན་རིའི་གླིང་གིས་གཙོས་པའི་བོད་ས་སྟོད་སྨད་བར་གསུམ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ། དཔེ་དཀོན་ཡིག་རྙིང་མང་པོ་ཞིག་དེང་དུས་མཇལ་སྐལ་དུ་གྱུར་པ་ནི། དགོན་གནས་འདི་ཡིས་བསྟན་ལ་ཞབས་འདེགས་ཞུས་པའི་ལེའུ་ཞིག་ཏུ་སྤོབས་པས་བརྗོད་དུ་ཕོད་ཀྱང༌། ཡིད་ཕངས་པ་ཞིག་ལ་བར་ལམ་ནས་རྐུན་ཇག་སྡང་སྟེ་རིན་བྲལ་གྱི་སྐུ་གསུང་ཐུགས་རྟེན་ཤིན་ཏུ་མང་བ་བོར་བརླག་གིས་གདན་ས་འདི་ཉིད་ཀྱང་ཉམས་དམས་སུ་གྱུར་འདུག

༼སྒྲ།༽

སྤྱིར་ཡ་ངལ་གྱི་གདུང་རྒྱུད་འདི་དང་འབྲེལ་བའི་སྔར་གྱི་གདུང་རབས་ཤིག་ཀྱང་ཡོད་པར་སྣང་ལ། སྒོས་སུ་ཡང་སྟོན་ཆེན་པོ་སོགས་ཀྱི་མཛད་པ་ཉུང་བསྡུས་ཤིག་སྙན་རྒྱུད་རྣམ་ཐར་དུ་གསལ་ཞིང་། ཡང་སྒོས་སུ་རྒྱལ་མཚན་རིན་ཆེན་དང༌། ངོས་སླང་རྒྱལ་མཚན་འབུམ། ཡང་སྟོན་གཡུང་དྲུང་རྣམ་རྒྱལ། ཡ་ངལ་དྲང་སྲོང་མ་རྣམས་ལ་སོ་སོའི་རྣམ་ཐར་ལོགས་སུ་ཡོད་པར་གདུང་རབས་འདི་ཉིད་ལས་གསལ།

འོན་ཀྱང་ད་དུང་ཡང་ང་ཚོས་བསྡུ་བསྒྲིག་བྱ་དགོས་པ་ཞིག་སྟེ། དཔེར་ན། ཡང་སྟོན་ཆེན་པོའི་རྣམ་ཐར་དང་འབྲེལ་བའི་ཤོ་བཤད་ཡིག་ཐོག་ཏུ་ཡོད་པ་ནི། “ཉི་ཟླ་མིག་གིས་མ་མཐོང་བའི། །རོང་སྒོམ་རྟོག་མེད་ཞིག་པོ་མཁྱེན། ཞེས་པ་ཞིག་ཤར་རྫ་བས་གསུངས་པ་ཙམ་ལས་མ་མཇལ་ཡང་། ངག་ཐོག་ལའང་། “ཤར་རི་སྡེ་སྟེང་གཉིས་པོ། །གནས་གཙང་བོན་པོའི་ཡིན་ཟེར། །”ཞེས་དང༌། “ཆུ་དྲུག་འདུས་པའི་ཕུག་པའི་ནང་། །གྲོང་དོན་རྟོགས་པའི་བླ་མ་བཞུགས། །”ཟེར་བ་སོགས་ཀྱང་མཐོང་བས་ཕྱི་རབས་པས་དཔྱོད་རྒྱུར་མང་ཙམ་སྣང་།

གཞན་ཡང་གདན་ས་འདི་ལས་བྱུང་ཞིང་བོད་ཤར་མཐའ་ནི་སྙན་པས་ཁྱབ་སྟེ། བན་དེ་རྣམས་ལ་“བླ་མ་གངས་རི་བ་་རུ་གྲགས་ལ། བོན་པོ་རྣམས་ཀྱིས“བླ་མ་ཡང་སྟོན་་དུ་འབོད་པའི་ཀུན་སྤངས་བྱ་བྲལ་བ་བསྟན་འཛིན་རྒྱལ་མཚན་བྱ་བ་ཞིག་དོལ་པོའི་ཡུལ་ནས་གནས་ངེས་མེད་དུ་འགྲིམ་སྐབས་ཁམས་བྲག་མགོར་གཞུང་རིང་དགོན་པའི་བསྟན་བདག་འཆི་མེད་གྲུབ་དབང་གི་སྐྱེས་སྤྲུལ་དུ་ངོས་བཟུང་མཛད་པ་བཞིན་དགོན་པ་ཉམས་གསོ་མཛད་པས། དེང་“ཡང་དགོན་དུ་གྲགས་པ་དེར་ད་ལྟ་”ཡང་སྤྲུལ་ཞིག་ཀྱང་འཁྲུངས་པར་ཐོས། ཤར་རྫའི་འཇའ་ལུས་པས་ཀྱང་“འདི་ལས་འཕྲོ་སད་པའི་སློབ་མ་ཐུན་མོང་མིན་པ་ཡིན་གསུངས་ནས་ཐུགས་གཙིགས་སུ་མཛད་”ཅེས་དབྲ་སྟོན་གྱིས་གསུངས་ལ། སླར་ཡང་ངེས་མེད་འགྲིམ་མཐར་ཤར་རྫ་བའི་བཀའ་བཞིན་ཕྱིས་མདོ་སྨད་ཟིང་ཆུའི་རིན་སྤུངས་དགོན་པར་སྒྲུབ་གྲྭ་ཞིག་ཀྱང་བཙུགས་པར་སྐད་པ་དག་ནི་གདུང་རབས་འདི་ཉིད་བརྩམས་རྗེས་སུ་བྱུང་བས། དེ་དང་དེ་འདྲའི་རིགས་ཀྱི་མཛད་འཕྲིན་རྣམས་ཡིག་ཐོག་ཏུ་མེད་སྟབས། སྤྱིར་ཞྭ་དཀར་བསྟན་པའི་མཛེས་རྒྱན་དང་སྒོས་སུ་རང་རིགས་དོལ་པོའི་མཛད་རྗེས་ལ་དམིགས་ནས་འཚོལ་ཞིབ་བྱ་རྒྱུ་ཤིན་ཏུ་གལ།

ཡང་ལན་འགར་གདུང་རྒྱུད་འདི་དང་འབྲེལ་མིན་བརྟག་བྱར་རུང་བ་སྟེ། ལྗང་ཚ་ལྷ་དབོན་གྱིས་ཁྲི་སྲོང་ལྡེ་བཙན་ལ་མངའ་རིས་གཏོད་སྐབས་“ཡང་སྟོན་ཁྲི་བཟང་ཟེར་བས་མ་འཐད་ནས་ལྗང་ཚ་བཀྲོངས་པའི་ལོ་རྒྱུས་ཤིག་ལྡེའུ་ཆོས་འབྱུང་རྒྱས་པར་གསལ་བས། ཡང་སྟོན་ཟེར་བ་དེ་ལ་བསམ་ཞིབ་དགོས་པར་སྣང་མོད། འོན་ཀྱང་གདུང་རབས་འདི་ཉིད་ཀྱི་ཡ་ངལ་དང་ཡང་སྟོན་གྱི་ས་མཚམས་ལྟར་ན་འདི་ལ་ནུས་པ་མེད་ནའང་ཐང༌།

༼དབྱངས།༽

དེས་ན་དོལ་ཕྱོགས་འདིར་བྱུང་བའི་རྒྱལ་པོ་དང་བླ་སྤྲུལ། སྡེ་དཔོན་དང་སྤྱི་ཁྱབ། སྨན་པ་གྲགས་ཅན་དང་བུད་མེད་གྲགས་ཅན་སོགས་མང་དག་ཅིག་ཡོད་པ་དག་གི་མཛད་འཕྲིན་ཡིག་ཐོག་ཏུ་ཡོད་མེད་གང་ལྟར་ཡང་ཆོས་རིས་སུ་མ་ཤོར་བའི་སྲུང་སྐྱོབ་ཀྱི་དོ་ཁུར་ནི་རང་ཅག་སྟེ། ཕྱི་རབས་པའི་དོལ་ཕྲུག་དག་ལ་བབས་པ་ཡིན།

སྤྱིར་དོལ་ཕྱོགས་འདིའི་བན་བོན་གཉིས་ཀྱི་དབར་ཆོས་ཀྱི་དམ་ཚིག་ཤིན་ཏུ་ཟབ་པོ་ཡོད་པ་དག་ལ་དུས་རབས་ཉི་ཤུ་བའི་ནང་དབྱིན་ཡུལ་གྱི་མཁས་པ་དག་ཀྱང་ཧད་དེ་རང་གི་ཉིན་ཐོར་བཀོད་འདུག ཚེས་ཡ་མཚན་པ་ཞིག་ལ་ཚྭ་དགའི་དགོན་པའི་གྱང་རོ་ཞིག་ཏུ་གཡས་ཕྱོགས་སུ་བོན་པོའི་ལྷ་སྲུང་དང་། གཡོན་ཕྱོགས་སུ་བན་དེའི་ལྷ་སྲུང་རྣམས་ལྡེབ་བྲིས་སུ་མཛད་པ་དང༌། འདུ་ཁང་འཁྲིས་ཀྱི་འཁོར་ལོ་རྣམས་བན་བོན་སྤེལ་མར་བསྒྲིགས་ཡོད་པར་ནུབ་ཕྱོགས་པའི་མཁས་དབང་སི་ནོལ་གྷ་རོབ་ཀྱིས་བཤད།

དེ་མིན་བརྒྱ་ཕྲག་ཕྱེད་ཙམ་གྱི་སྔོན་དུ་རྟ་རབ་དང་། ཚྭ་དགའ། བྱི་གཅེར་རྣམས་སུ་བན་བོན་གཉིས་འདུ་ཁང་གཅིག་ཏུ་གཡས་གྲལ་གཡོན་གྲལ་སོ་སོར་བསྒྲིགས་ནས་མཆོད་འབུལ་དུས་མཉམ་དུ་བྱེད་སྲོལ་ཡོད་ཀྱང་། ད་སྐབས་བྱི་གཅེར་མ་གཏོགས་གཞན་གཉིས་སུ་སྲོལ་བཟང་དེ་ཉམས་ཟིན། གང་ལྟར་དོལ་ཕྱོགས་འདིར་ད་ལྟའང་བན་བོན་གཉིས་གཅིག་ཕན་གཅིག་གྲོགས་རང་དུ་ཡོད་པས། ང་ཚོས་ཀྱང་གྲུབ་མཐའ་ལས་རིག་གཞུང་གཙོ་ཆེར་བཟུང་ནས། དོལ་ཕྱོགས་ཀྱི་བྱུང་བ་དང་ལོ་རྒྱུས་སོགས་ལ་ཐུགས་སྣང་བྱ་རྒྱུ་ཅུང་ཟད་སྟབས་བདེར་མཐོང་སྟེ། བྱ་མེད་སར་གུ་རུས་ནམ་ཚོད་བཟུང་བའི་ཚུལ་དུ་ལས་འགུལ་འདི་ཉིད་དབུ་འཛུགས་ཞུས་པ་ཡིན།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།