རྡོ་རྗེ་གླིང་གི་ཟིན་ཐོ་དགུ་མདུད་མ།

54365


རྩོམ་པ་པོ། རྫ་སྐྱེས་ཕུར་བ། པར་ལེན་པ། རྫ་སྐྱེས་ཕུར་བ།

ཟིན་ཐོ་དགུ་མདུད་མ་ནི་། རྡོར་གླིང་ཡུལ་བསྐོར་གྱི་མཐོང་སྣེ་འགའ་ཚིག་གྲུབ་ཏུ་བཅོས་པ་ཙམ་ཡིན།

རྗོ་རྗེ་གླིང་གྲོང་ཚོ། རྫ་སྐྱེས་ཕུར་བས་པར་བླངས།


ལོ་འདིར་བསྟུད་མར་རྡོ་རྗེ་གླིང་ལ་ཐེངས་གཉིས་བསྐྱོད།  ཇ་ཤིང་མེ་ཏོག་གི་ར་བ་དང་། གྱ་གྱུ་མང་པའི་རི་ལམ། གསེར་འོད་ལམ་ལམ་འཚེར་བའི་དགོན་སྡེ་དང་། སྤེལ་མར་ཆགས་པའི་རི་ལྡེབས་ཀྱི་གྲོང་ཚོ།  བོད་ལྭ་གྱོན་ལ་བོད་སྐད་མི་ཤོད་པའི་ཡུལ་མི། སོས་དལ་ཁམས་གཙང་གི་ཁོར་ཡུག་སོགས་རྡོ་རྗེ་གླིང་གི་སྣོད་བཅུད་གཉིས་པོ་མིག་ལ་འདྲིས་ཙམ་བྱུང་། 

རྡོ་རྗེ་གླིང་ནི་ཀ་རྡོར་སྒང་གསུམ་གྱི་ཡ་གྱལ་དང་།  ཧི་མ་ལ་ཡའི་རི་རྒྱུད་གླིང་ཕྲན་དུ་གཏོགས། ད་ཆ་རྒྱ་གར་བྱང་རྒྱུད་ཀྱི་བེ་སི་བྷེང་གཱལ་ཞིང་ཆེན་གྱི་ཆ་ཤས་སུ་བསྒྱུར་ཡོད་ཀྱང་ད་ལྟའི་གནས་སྡོད་ཀྱི་མི་གྲངས་གཙོ་བོ་བལ་ཡུལ་གོར་ཥའི་(༡)རིགས་ཡིན། ཉེ་རབས་བོད་ཀྱི་སྐུ་དྲག་གི་བཞུགས་ཡུལ་དང་། སྲིད་ཕྱོགས་ཀྱི་ཤུགས་རྐྱེན་ཆེ་བ་དང་། བོད་རིགས་འདུས་སྡོད་ཆེ་བའི་ས་ཁུལ་ཞིག་ཡིན་པ་རེད། ད་དུང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་མང་པོ་དང་། བོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཅུང་ཙམ་ཡོད། རྒྱ་གར་གྱི་བྱང་ཤར་དང་། བོད་དང་། བལ་ཡུལ་གྱི་ཤར་ཕྱོགས་སུ་ཆགས་ཤིང་། ཧི་མ་ལ་ཡའི་རི་ལྡེབས་བར་མའི་ཁོངས་སུ་གནས། དུས་བཞིར་སྔོ་ལྗང་ལྡན་པའི་ཇ་ཤིང་གི་ལོ་མས་ཁེབས་ཏེ་ཡོད་པ་དང་། མི་རྣམས་ཀྱིས་རི་ལྗོངས་ཀྱི་རྒྱལ་མོ་ཞེས་དགའ་མོས་བྱེད།  རི་ལྗོངས་ཞེས་པ་ཧི་མ་ལ་ཡའི་ས་ཁུལ་ཁག་ནང་སྤྱོད་པའི་མིང་ཞིག་ཡིན་ནམ། ལ་དྭགས་ལའང་ལ་དྭགས་རི་ལྗོངས་རང་སྐྱོང་ལྗོངས་ཞེས་འབོད་ཀྱི་འདུག ཉེ་ལམ་གྱི་མཁས་དབང་དགེ་ཆོས་ཀྱང་ཕྱི་ལོ༡༩༣༤ཡས་མས་ནང་འདི་རུ་ཕེབས་ནས་ཧི་མ་ལ་ཡའི་རི་ཆུའི་མཛེས་སྡུག་དང་བཀོད་པ་ཡིད་དུ་འོང་ཚུལ་གསེར་ཐང་དུ་བྲིས།



རི་ལྗོངས་འདིའི་སྔོ་ལྗང་ལྡན་པའི་དུས་བཞི་ལ་འགྱུར་བ་མེད་ཀྱང་དུས་ཚིགས་རེ་རེའི་གནམ་གཤིས་ཀྱི་གནས་བབ་གཏན་ནས་མི་མཚུངས།  “དཔྱིད་ཀྱི་ཟླ་བ་རྣམས་ལ་ནི་བསིལ་དྲོད་སྙོམས། ནམ་མཁའ་བཻཌཱུརྻའི་མདོག་ལྟར་དྭངས། རླུང་དྲི་བཟང་ཅན་གྱིས་ནགས་ཚལ་ཀུན་ཁྱབ་ཅིང་གནས། སོས་ཀ་ནས་དབྱར་མཇུག་རྫོགས་རག་བར་ལ་ཨ་རབ་ཀྱི་རྒྱ་མཚོ་ལས་ཆུ་སྤྲིན་ལངས་ཏེ་བྱང་ཕྱོགས་སུ་འགྲོ་ཞིང་བྱང་ནས་གངས་ཀྱི་རི་བོ་ནམ་མཁའི་ཀ་བ་འདྲ་བ་དག་ལ་ཐོགས་ཏེ་བོད་ཀྱི་ཡུལ་དུ་ཆེར་མི་འགྲོ་བར་ལྷོའི་ནགས་ལྗོངས་རྣམས་སུ་ཆར་པའི་རྒྱུན་ཆེན་པོ་བདུན་ཕྲག་དུ་མའི་བར་དུ་སྦྲེལ་བ་འབབ། རི་རྩེ་རྣམས་སྨུག་པས་དཀྲིས་ནས་ཁྱིམ་ཕན་ཚུན་ཡང་མི་མཐོང་བར་སྡོད།

སྟོན་དུས་ནི་སློབ་དཔོན་ནག་མོ་ཁོལ་གྱིས། ཆུ་སྟོན་ཟླ་བ་རྫོགས་པའི་ཚེས་ལ་སྤྲིན་རྣམས་རི་ཤོད་རི་སྟེང་ཉལ་བར་གྱུར་པ་ནི།།  མཆོག་ཏུ་རོལ་ཅིང་མཛེས་པར་གྱུར་པའི་གླང་ཆེན་མིན་ནམ་སྙམ་དུ་ཡིད་འདི་འཕྱང་མོ་ཉུག། གསུངས་པ་ལྟར་སྤྲིན་སིལ་བུར་ཆད་པའི་དུམ་བུ་དག་ཆུ་འགྲམ་དང་། རི་ཤོད་རྣམས་ན་ཉལ་ཅིང་ལྡང་།དལ་བ་དལ་བུས་གྱེན་དུ་འཛེགས་ཏེ་གཡུ་འདྲ་བའི་རི་རྩེ་དག་ན་ལང་མ་ལིང་དུ་གནས། ཉིན་མོའི་ཐུན་གསུམ་ལ་བྱེའུ་དག་གིས་སྐད་རིམ་པ་དུ་མར་བརྗེས་ཤིང་སྒྲོག  སྲིན་བུའི་རིགས་འགའ་ཞིག་དྲིལ་བུ་ལྟ་བུའི་སྒྲ་འབྱིན།



དགོན་ཁྲོད་ཀྱི་ཞོགས་པ། རྫ་སྐྱེས་ཕུར་བས་པར་བླངས།

དགུན་མཚམས་སུ་ནུབ་ཀྱི་རི་བར་སེང་གེའི་ཁ་དང་། རྔ་མོང་གི་རྒྱབ་འདྲ་བ་དག་ནས་ཉི་མའི་མདངས་སྣ་ཚོགས་སྟོན་ཞིང་འགྲོ།   དགུན་རི་རྩེ་མཐོ་ས་རྣམས་ལ་ཁ་བ་ཡང་བག་རེ་འབབ།  རླུང་ཤུགས་ཆེན་མེད་ཀྱང་གྲང་ངད་བཟི་ལོང་སློང་པའི་གོས་ཀྱང་གྱོན་ན་དགའ་སྙམ་པ་ཙམ་དུ་འོངས།  རི་ཞོལ་རྣམས་ན་ནི་ལྗོན་རྣམས་ཀྱི་ལོ་འདབ་ཙམ་ལས་དགུན་གྱི་སྣང་བ་ཐལ་སྐྱ་འཚུབ་མེ་བ་དེ་འདྲ་ནམ་ཡང་མེད། ཅེས་གསེར་ཐང་དུ་བྲིས་ཡོད་པ་བཞིན་རྡོ་རྗེ་གླིང་གི་དུས་བཞིའི་སྔོ་ལྗང་ལྡན་པའི་མཛེས་སྡུག་ནི་ཡིད་དུ་འོང་པ་ཁོ་ནར་ཡོད་ཀྱང་།  སོས་ཀ་ཨ་རབ་ཀྱི་རྒྱ་མཚོའི་ཆུ་སྤྲིན་ལངས་ནས་རྡོ་རྗེ་གླིང་དང་།  ཀ་ལོན་སྦུག(༢)   འབྲས་ལྗོངས། འབྲུག་གི་ལྕབ་ཆ་(༣)སོགས་ཧི་མ་ཡའི་ལྷོ་ལྗོངས་རྣམས་སུ་ཆར་འབབ་ཚད་གཞན་ལས་ཆེ་བས།  ཉིན་མཚན་མེད་པར་སྨུག་པ་འཐིབ་ནས་རྡོག་ལམ་ཙམའང་མཐོང་དཀའ་བར་ཡོད། ལོ་སྔོན་མ་འབྲུག་ལ་འགྲོ་དུས་སོས་མགོ་ཡིན་པ་དང་། ཉེ་ལམ་འབྲས་ལྗོངས་ལ་འགྲོ་དུས་ཀྱང་དབྱར་གཞུང་ལ་ཁེལ་ཙང་། ལྕབ་ཆ་དང་། འབྲས་ལྗོངས་ཀྱི་རི་ལུང་ཡོད་ཚད་སྨུག་པས་གཡོག་ནས་འདུག་ལ། སྐབས་རེ་རླངས་འཁོར་ཁ་ལོ་པས་ཡིད་ཙམ་རླངས་འཁོར་གྱི་ཁ་བསྒགས་ནས་མདུན་གྱི་ལམ་མཐོང་བར་སྒུག་དགོས་ཀྱི་འདུག སྨུག་པ་དང་། ཆར་སྤྲིན་འདྲེས་མས་རི་ཐང་གཡོག་དུས་ཤིག་ལ་ངས་འབྲས་ལྗོངས་ར་ལང་དགོན་གྱི་གསེར་ཏོག་གི་མཛེས་པ་བལྟས་ནས་བསྡད།


རྡོར་གླིང་གི་ལམ་ཟུར་ཞིག རྫ་སྐྱེས་ཕུར་བས་པར་བླངས།

རྡོ་རྗེ་གླིང་ཞེས་པའི་མིང་དེ། སྔར་ས་གནས་དེ་འབྲས་ལྗོངས་ཀྱི་ཆབ་ཁོངས་སུ་ཡོད་དུས། འབྲས་ལྗོངས་ཆོས་རྒྱལ་གྱིས་དེ་རུ་རྡོ་རྗེ་གླིང་ཞེས་པའི་དགོན་པ་ཞིག་བཏབ། རིམ་གྱིས་མིང་དེ་ས་གནས་དེར་ཐོགས། དེ་ནི་གཏེར་སྟོན་གླིང་པ་བརྒྱད་ཀྱི་ནང་གི་རྡོ་རྗེ་གླིང་པ་དང་འབྲེལ་བ་ཡོད་ཚུལ་བཤད། སྐབས་དེ་ནི་ཕྱི་ལོ་༡༧༦༥ཡས་མས་སུ་ཡིན་པར་གསལ།

ཕྱི་ལོ1790ལོར་རྡོར་གླིང་དེ་བལ་ཡུལ་གོར་ཥའི་བཙན་དབང་གིས་གོར་ཥའི་ཆབ་འོག་དུ་བཅུག  ཕྱི་ལོ་1815རྒྱ་གར་དབྱིན་གཞུང་གིས་ནད་པ་གསོ་སྐྱོང་བྱ་སའི་ས་གནས་སུ་བེད་སྤྱོད་བྱས། ཕྱི་ལོ་1941ལོར་དབྱིན་གཞུང་གིས་ཇ་ཤིང་དང་མེ་ཏོག་འདེབས་འཛུག་གི་ལས་གཞི་གསར་བསྐྲུན་བྱས། ཕྱི་ལོ་1947ལོར་དབྱིན་གཞུང་གིས་བེ་སི་བྷན་གཱལ་ཞེས་པའི་མངའ་སྡེའི་ཁྱབ་ཁོངས་སུ་བཅུག


གངས་ཆེན་མཛོད་ལྔ། རྫ་སྐྱེས་ཕུར་བས་པར་བླངས།

རྡོར་གླིང་ནས་ཧི་མ་ལ་ཡའི་གངས་རྒྱུད་མཐོ་ཤོས་ཤིག་མཐོང་ཐུབ་ལ་དེའི་མིང་ལ་གངས་ཆེན་མཛོད་ལྔ་ཟེར། མཛོད་ལྔ་སྟག་རྩེ་ཡང་ཟེར། མཛོད་ལྔ་སྟག་རྩེའི་གངས་དང་དམ་ཆེན་མཛོད་ལྔ་སྟག་རྩེ་སོགས་ཀྱང་ཟེར། རྒྱལ་དབང་ལྔ་པ། ལྷ་བཙུན་ནམ་འཇིགས། ཀཿཐོག་ཚེ་ནོར་སོགས་ཀྱིས་བོད་ཀྱི་རི་ཆུའི་རིག་གནས་སྤྱིའི་ངོས་འཛིན་བྱེད་ཕྱོགས་ལྟར་སྲོག་ལྡན་གྱི་རྣམ་པར་ངོས་འཛིན་གནང་སྟེ། སྣང་སྲིད་དྲེགས་པའི་སྡེ་དཔོན་ཆེན་པོ་དང། བཀའ་ཉན་ལས་བྱེད། བཞི་བདག གཏེར་སྲུང་། བཀའ་སྲུང་གཉན་པོ་བཅས་ཀྱི་མིང་འདོགས་པར་མཛད་ཅིང་། བསང་མཆོད་དང་གསོལ་ཁ་མང་དུ་བརྩམས། 


གངས་ཆེན་མཛོད་ལྔར་གསོལ་འདེབས་བྱེད་པའི་ཡུལ་མི། རྫ་སྐྱེས་ཕུར་བས་པར་བླངས།

ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་བརྩམས་པའི་བཀའ་སྲུང་མཛོད་ལྔ་སྟག་རྩེའི་གསོལ་ཁ་ཞེས་པར།  གངས་ཆེན་མཛོད་ལྔ་ནི་ཕྱི་ལྟར་ན་སྐུ་མདོག་དམར་པོ་བཙན་གྱི་རྣམ་པ་ཅན། ནང་ལྟར་ན་དགེ་བསྙེན་ཕྱག་ན་མཁར་བསིལ་དང་དབུ་ལ་པད་ཞྭ། སྐུ་ལ་བེར་གྱོན་པའི་དགྲ་བཅོམ་གྱི་ཆ་བྱད་དང་ལྡན་པ། གསང་བ་ལྟར་ན་རྣམ་ཐོས་སྲས་སེང་གེའི་ཁྲི་སྟེང་ལ་འགྱིང་སྟབས་ཀྱིས་བཞུགས་པ་ཞིག་ཡིན་ཚུལ་བྲིས་ཡོད།   དོན་གྱིས་གཏེར་གྱི་མཛོད་ལྔ་པོ་དེ་ཕྱི་ནང་གསང་གསུམ་གྱི་ནུས་འཐུ་ལྡན་པའི་ནོར་བདག་རྣམ་ཐོས་སྲས་ལ་བཅོལ་ཡོད་པའི་དོན་ཡིན་པ་རེད།

རྡོར་གླིང་དགོན་སྡེ་ཞིག་གི་དཀྱིལ་འཁོར། རྫ་སྐྱེས་ཕུར་བས་པར་བླངས།

གཏེར་ཆོས་དང་གཏེར་སྟོན་གྱི་སྐོར་ནི་བོད་རིག་པའི་ཁྲོད་ཀྱི་ཕྱེད་མངོན་གྱུར་དང་ཕྱེད་ལྐོག་གྱུར་ཡིན་པའི་མཐོང་སྣེ་ཞིག་རེད་ལ། མཐོང་སྣེ་དེས་བོད་རིག་པའི་ཁྲོད་དུ་རྒྱ་ཆེ་བའི་གོ་གནས་ཤིག་བཟུང་ཡོད་པ་རེད། ཡུལ་ལྷའི་བསང་གསོལ་ཕལ་ཆེ་བ་དེ་འབྲེལ་གྱིས་བརྩམས་ཤིང་། རི་ཆུའི་རིག་གནས་ཀྱི་ལྟ་བ་ནི་དེའི་ཁྲོད་ནས་བྱུང་བ་མང་ཞིང་། ཕལ་ཆེར་འབྲེལ་བ་མེད་པ་ཞིག་ཡོད་མི་སྲིད་པ་རེད། དེ་བཞིན་གངས་ཆེན་མཛོད་ལྔའི་བྱུང་རབ་ཀྱང་གཏེར་བདག་དང་། གཏེར་སྲུང་། གཏེར་མཛོད་སོགས་ཀྱི་གོ་དོན་དང་འབྲེལ་ནས་ཡོང་པ་དང་། གཙོ་བོ་བྱང་གཏེར་གྱི་ཆོས་སྐོར་ནང་དུ་གསལ་བ་རེད།


ཉི་འོད་བཀླུབས་པའི་གངས་ཆེན་མཛོད་ལྔ། རྫ་སྐྱེས་ཕུར་བས་པར་བླངས།

གསུམ་རིག་འཛིན་སྲོག་སྒྲུབ་ནང་གི་བཀའ་སྲུང་དྲག་པོ་སྡེ་བཞིའི་སྲོག་དབང་བསྐུར་བའི་ཡི་གེ་གནམ་ལྕགས་འབར་བའི་མྱུ་གུ་ཞེས་པའི་ནང་། གཉན་ཆེན་ཐང་ལྷ་འཁོར་བཅས་ཐུགས་དམ་བསྐང། ཁྱད་པར་ཟབ་གསང་བསྟན་དང་བསྟན་འཛིན་སྐྱོང༌། །གཏེར་བདག་མཛོད་ལྔ་སྟག་རྩེའི་ཐུགས་དམ་བསྐང༌། །བསྐང་ངོ་བསྐལ་པའི་བར་དུ་ཐུགས་དམ་བསྐང༌། །ཞེས་དང་། ཀཿཐོག་ཚེ་ནོར་གྱིས། དཔལ་གྱི་འབྲས་མོ་ལྗོངས་དང་སྐྱིད་མོ་ལུང་། །ཡོན་ཏན་ཕུག་དང་རྒྱལ་ཆེན་ཁྱུང་ལྡིང་གི། །མཛོད་ལྔ་སྟག་རྩེ་སྐུ་ལྷ་དཔལ་རྫོང་དང་། །སེ་རིན་གངས་ཆེན་མུ་ལེ་གངས་བཙན་སོགས། །ཕྱི་ནང་གསང་བའི་གནས་བདག་གཞི་བདག་དང་། ཞེས་དང་། ཀརྨ་པ་རིག་པའི་རྡོ་རྗེའི་བསང་མཆོད་དུ། སྲིད་པ་ཆགས་པའི་གཞི་ཡི་བདག་པོ་དང་། །མཛོད་ལྔ་སྟག་རྩེ་ལ་སོགས་སྦས་གནས་འདིར། །ཞེས་དང་།  རྒྱལ་དབང་ལྔ་པའི་གསུང་འབུམ་པོད་བཅུ་གཅིག་པ་དང་། པདྨ་ལས་འབྲེལ་རྩལ་གྱི་རྟོགས་བརྗོད་སོགས་ནའང་གངས་ཆེན་མཛོད་ལྔ་དང་འབྲེལ་བའི་གཏམ་རྒྱུད་མང་དུ་འཁོད་ཡོད།  མདོར་ན་བོད་ཀྱི་བླ་སྤྲུལ་གྱིས་བརྩམས་པའི་གངས་ཆེན་མཛོད་ལྔའི་སྐོར་གྱི་གནས་ཡིག་དང་། བསང་མཆོད། གསོལ་ཁ་སོགས་ཡིག་ཚན་བཅོ་ལྔ་ལྷག་ཀློག་སྐལ་བྱུང་ཞིང་། ཏན་ཏན་དེ་ལས་མང་པའང་ཡོད་ངེས།



འབྲས་ལྗོངས་ཀྱི་གནས་ཡིག་གསལ་བའི་མེ་ལོང་དུ། “གངས་རི་དང་པོ་ཆོས་ཀྱི་མཛོད། གངས་རི་གཉིས་པ་གསེར་གཡུའི་མཛོད། གངས་རི་གསུམ་པ་ནོར་གྱི་མཛོད། གངས་རི་བཞི་པ་མཚོན་གྱི་མཛོད། གངས་རི་ལྔ་པ་འབྲུ་དང་སྨན་གྱི་མཛོད། གངས་ཕྲན་རྣམས་ནའང་ལོངས་སྤྱོད་ཀྱི་གཏེར་མང་པོ་ཡོད་དོ།། “ཞེས་གངས་རི་ལྔ་པོ་དེ་དག་གང་གི་གཏེར་མཛོད་ཡིན་ཚུལ་བཅས་གསལ་བར་བཤད་ཡོད། ཉེ་ལམ་འབྲས་ལྗོངས་ལ་འགྲོ་དུས་དགོན་པ་ཞིག་གི་འདུ་ཁང་སྒོ་ཁྱམས་ན་མི་ཕོ་དགེ་བསྙེན་གྱི་ཆ་བྱད་ཅན་རྟ་དཀར་པོ་ལ་ཆིབས་པ་ཞིག་བྲིས་འདུག་པར་མཇལ། དེ་ནི་མཛོད་སྟག་རྩེའི་གཙོ་བོ་དགེ་བསྙེན་དགྲ་ལྷའི་རྒྱལ་པོ་ཞེས་པ་དེ་ཨེ་ཡིན་སྙམ་ཡང་ཆ་མ་ཆོད།



གངས་རྒྱུད་འདིའི་གནའ་བོའི་ཤེས་རིག་ཁྲོད་ཀྱི་བྱུང་རབ་ལ་ངོས་འཛིན་ཡང་དག་ཐོབ་དགོས་ན་བོད་རིག་པའི་ཆབ་ཁོངས་བརྒྱུད་དགོས་པ་ཡིན་ལ། བོད་ཀྱི་ཡུལ་ལྷ་དང་འབྲེལ་བའི་རི་ཆུའི་ལོ་རྒྱུས་ལ་གཏུག་དགོས་པ་ཡིན།  ད་ལྟ་རྒྱ་གར་གྱིས་བཟུང་སྟེ། རྒྱ་གར་གྱི་དངུལ་ལོར་བརྒྱ་ཤོག་གི་རྒྱབ་ཏུའང་གངས་རི་འདིའི་པར་བཞག་ཅིང་། རིག་ཚན་གསར་བའི་ལྟ་སྟངས་ཀྱི་ཐོག་ནས་གངས་རྒྱུད་འདིའི་མཐོ་ཚད་དང་། རླུང་ཤུགས། དྲོད་གྲང་སོགས་ཡུལ་སྐོར་བརྟག་ཞིབ་ཀྱི་ཁྱབ་ཁོངས་ནས་ངོ་སྤྲོད་བྱས་ཡོད། དེ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་རེད། 


རྡོར་གླིང་གི་སྟག རྫ་སྐྱེས་ཕུར་བས་པར་བླངས།

ང་རང་ཟླ་འདིའི་ཕྱི་ཚེས་20ཉིན་སླར་ཡང་རྡོ་རྗེ་གླིང་དུ་འབྱོར། ཕ་ཡུལ་ལ་དྭགས་ནས་ཡིན་པའི་གྲོགས་བསྟན་འཛིན་ལགས་ནི་ད་ལྟ་ཕན་རན་སི་ལ་བཞུགས་ཡོད་མོད། ཁོང་གིས་བཀོད་སྒྲིག་གནང་པ་བཞིན། ང་རང་རྡོར་གླིང་འབྲུག་པ་བཀའ་རྒྱུད་ཀྱི་དགོན་དུ་ཡོད་པའི་ཁོང་གི་གྲྭ་ཤག་ཏུ་བསྡད། ཕ་ཡུལ་ལ་དྭགས་ཟངས་དཀར་ནས་ཡིན་པའི་འཇིགས་མེད་བསྟན་འཛིན་ལགས་ཀྱིས་ཟ་མ་བཟོ་རོགས་དང་། ཡར་མར་འགྲོ་རོགས་སོགས་ལ་མངག་གནང་།  རྡོ་རྗེ་གླིང་གི་ཆེས་མཐོ་བའི་དྲོད་གྲངས་ནི་སྐར་མ་20དང་། ཆེས་དམའ་བའི་དྲོད་གྲངས་སྐར་མ་5ཡིན་པ་དང་། རླུང་གཙང་པ། དྲོད་གཉོམ་པ། རི་མཐོ་བ། མཐོང་ཡངས་པ། ནགས་ཀྱི་ཀློང་ཟབ་པ། མེ་ཏོག་གི་དྲི་རྒོད་པ། བྱེའུ་མང་པོ་རང་རང་ས་ན་སྐད་ཀྱི་འགྱུར་ཕབ་པར་བྲེལ་བ་བཅས་རང་བྱུང་གི་ཆ་རྐྱེན་འཛོམས།


རྒྱལ་མཆོག་བཅུ་གསུམ་པ་རྡོར་གླིང་དུ་ཕེབས་པ།



ཀ་རྡོར་སྒང་གསུམ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཀྱི་ཤོག་ངོས་གཞན་ཞིག་དང་། ཤོག་ངོས་དེ་ནས་སྐུ་དྲག་གི་གཞིས་ཀ་དང་། གསེར་དངུལ་གྱི་ཚོང་ལམ། ཕྱི་འབྲེལ་གྱི་ཡིག་ཚང་སོགས་བོད་ཀྱི་ཉེ་རབས་ཀྱི་གནས་ཚུལ་མང་པོ་ཞིག་ཅུང་ལྐོག་གྱུར་གྱི་རྣམ་པའི་གནས་ཡོད་པ་མཐོང་ཡོང་།

ཕྱི་ལོ་1910ལོའི་ཟླ2ཚེས་12ཉིན་སྲིད་དོན་ཉེན་གཡོལ་ཆེད་དུ་རྒྱལ་མཆོག་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་དེ་ནུབ་ཀྱི་ནམ་ཕྱེད་ཙམ་ལ་རྩེ་ནས་ནོར་གླིང་དུ་བྱོན་ནས་ཆིབས་ཐོན་གྱི་གྲབས་སྒྲིག་མཛད་དེ། ནམ་ལངས་ཁར་དཔུང་ཚོགས་ཀྱི་ཆིབས་རྟའི་ཁ་ལོ་རྡོ་རྗེ་གླིང་གི་ཕྱོགས་སུ་གཏད། ཧྲག་བསྡུས་དཔུང་ཚོགས་དེའི་ཁྲོད་ན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ།   ཞོལ་ཁང་དོན་གྲུབ་ཕུན་ཚོགས།   ཆང་ཁྱིམ་ངག་དབང་དཔལ་བཟང་། བསམ་ཕོ་ནོར་བུ་ཚེ་རིང་།  གུང་ཐང་བསྟན་འཛིན་དབང་པོ།  ཤེལ་དཀར་གླིང་པ་མི་འགྱུར་ལྷུན་གྲུབ་སོགས་མཆིས་ཤིང་། ཁོང་དཔུང་ཚོགས་ཀྱིས་དང་ཐོག་ལྕག་ཟམ་ཆུ་བོ་རིའི་གྲུ་ཁ་བརྒྱུད། དེ་ནས་དཔལ་དི་དང་།  བསམ་སྡིངས་དང་།  སྣ་དཀར་རྩེ་རྫོང་། ཛར། ར་ལུང་།  ཕག་རི། གྲོ་མོ། རིན་ཆེན་སྒང་སོགས་ས་ཚིགས་དང་ལ་ལུང་བརྒྱུད་ནས་རྡོ་རྗེ་གླིང་དུ་ཕེབས། དེ་ནས་མུ་འཐུད་རྡོར་གླིང་གི་པ་ད་སྦུག་ཅེས་པ་ནས་གཏན་བཞུགས་ཀྱི་གཞུང་འབྲེལ་གཟིམ་ཤག་བཟུང་། ཀ་སྦུག་མི་འགྱུར་མངོན་དགའི་ཕོ་བྲང་དང་།  རྡོར་གླིང་པ་ད་སྦུག་གི་གཟིམ་ཤག་གཉིས་ནི་ལོ་གསུམ་རིང་གི་གཏན་འཇགས་བཞུགས་གནས་སུ་གྱུར་ཞིང་།  དགའ་ལྡན་ཕོ་བྲང་གཉིས་པ་ལྟ་བུའི་སྲིད་གཞུང་གི་ངོ་ཚབ་ཀྱིས་དབྱིན་ཇི་དང་།  ཨུ་རུ་སུ་སོགས་ལ་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས། 



ཕྱི་ལོ་1910ལོའི་ཟླ་10་ཚེས22ཉིན་དང་།  ཟླ11ཚེས21་ཉིན་ཏེ་བསྟུད་མར་ཨུ་རུ་སུའི་གཞུང་ལ་༧གོང་ན་མཆོག་དང་།  རྡོར་གླིང་བཀའ་ཤག་ཐུན་མོང་གི་མིང་ཐོག་ནས་ཡིག་འབྲེལ་ལན་གཉིས་གནང་།  དེའི་ཕྱིར་ལོ་སྟེ་ཕྱི་ལོ་1911ལོའི་ཟླ8་པར་རྩེ་དྲུང་ལྡན་མ་མཛོད་པ་ཁམས་ལ་མངགས།  ཀུན་གྱིས་སྲོག་ལས་གཅེས་པའི་སྲུང་བྱ་ཉག་གཅིག་ཡོད་དེ།  དེ་ནི་ཚང་མ་གཅིག་བསྒྲིལ་གྱིས་བསྟན་སྲིད་རང་གཅེས་རང་བདག་ལ་ཕྱར་བ་གྲུ་འདེགས་དགོས་ཚུལ་འཁོད་པའི་འབོད་བསྐུལ་གྱི་བཀའ་ཡིག་ཕྱག་ཐམ་ཅན་དེ་གནང་ཞིང་། མཁན་དྲུང་བྱམས་པ་བསྟན་དར་དང་།  རྩིས་དཔོན་ནོར་བུ་དབང་རྒྱལ་གཉིས་ལྷ་སའི་དམག་དོན་སྤྱི་ཁྱབ་ཏུ་བསྐོས།

ད་དུང་འབྲུག་དང་འབྲས་ལྗོངས་པ།  གཞིས་ཆགས་པའི་བོད་མི། རྒྱ་གར་གྱི་དད་ལྡན་པ་བཅས་ལ་ཆོས་འབྲེལ་དང་།  མཇལ་ཁའི་སྐྱེས་ཀྱང་སྐབས་མང་དུ་བསྩལ། སྐབས་དེར་རྡོ་རྗེ་གླིང་དང་། ལྷ་སའི་བར་ལ་གཞུང་ཞབས་པ་དང་། སྐྱེས་འདེགས་པ།  ཆོས་ཞུ་པ་སོགས་བོད་མིའི་འགྲུལ་བཞུད་ཀྱི་མི་ཚོགས་ཉིན་ལྟར་ཟམ་མི་ཆད་དུ་ཕྱིན།  

སྐབས་དེར་འབྲས་ལྗོངས་ཀྱི་བློན་ཆེན་ཅལ་སེ་སྦེལ་དང་མཛའ་མཐུན་གྱི་ཐུགས་འབྲེལ་ཟབ་མོ་གནང་། དེང་རབས་ཆབ་སྲིད་སྐོར་གྱི་སློབ་སྦྱོང་རྒྱ་ཆེན་མཛད་ཅིང་། ནུས་པ་ཆེ་ཞིང་དམ་བཅའ་བརྟན་པའི་དཔོན་དབང་རང་ལུགས་ཤིག་གིས་རྒྱལ་ཁབ་ཆེན་པོ་ཞིག་ལ་གང་འདྲ་བྱས་ནས་དབང་བསྒྱུར་བྱེད་ཐབས་ཡོད་མེད་སོགས་དངོས་སུ་གཟིགས་རྟོགས་མཛད་པར་བཤད།   འབྲས་ལྗོངས་ཅལ་སེ་སྦེལ་དང་།  འབྲུག་ཀ་ཇི་ཨོ་རྒྱན་རྡོ་རྗེ་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་རྒྱལ་མཆོག་བཅུ་གསུམ་པ་ཉིད་དང་། བོད་ཀྱི་ལས་དོན་ལ་ཕྱོགས་མང་པོ་ནས་བླ་མེད་རོགས་དན་བྱས་པར་བཅུ་གསུམ་པའི་རྣམ་ཐར་མང་པོར་གསལ། 


ཅལ་སེ་སྦེལ།


ཕྱི་ལོ་1891ལོར་རྒྱ་གར་དབྱིན་གཞུང་གི་གཞུང་ཞབས་ལས་མིར་བདམས་ཤིང་། 1901ལོར་རྡོ་རྗེ་གླིང་དུ་ལས་གནས་སྤར་བ་དང་བསྟུན་བོད་སྐད་བོད་ཡིག་སློབ་མགོ་ཚུགས།  ཕྱི་ལོ་1914ལོའི་བོད་རྒྱ་དབྱིན་གསུམ་གྱིས་སིམ་ལའི་ཆང་ཡིག་འཇོག་སྐབས་ཁོང་ཉིད་དབྱིན་ཇིའི་གཞུང་ཚབ་པའི་ལས་རོགས་ཡིན་པ་དང་། སྐབས་དེར་རྒྱལ་མཆོག་བཅུ་གསུམ་པའི་དགོངས་བཞེད་བཞིན་བོད་ཀྱི་ཕྱོགས་ལ་ཕན་ཅི་ཐོགས་ཀྱིས་རོགས་རམ་གནང་། ཕྱི་ལོ་1920ལོར་དབྱིན་བོད་བར་གྱི་གཞུང་འབྲེལ་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་དབུས་སུ་ཕེབས་ཏེ་ལྷ་ས་ནས་ལོ་གཅིག་བཞུགས། རྒྱལ་མཆོག་བཅུ་གསུམ་པས་ཐུགས་དགྱེས་ཚོར་ཆེན་པོས་མཇལ་ཁ་ཡང་ཡང་གནང་ནས་བོད་ཀྱི་བློན་ཆེན་དང་འདྲ་བའི་མཚན་གྱི་རྣམ་གྲངས་ཤིག་ཀྱང་བསྩལ།

ཁོང་གིས་རྒྱལ་མཆོག་བཅུ་གསུམ་པ་དང་།  བོད་དང་བོད་མི།  བོད་ཀྱི་སྐད་ཡིག་སོགས་ཀྱི་སྐོར་ནས་དེབ་འགའ་དབྱིན་ཡིག་ཏུ་བརྩམས། ཁོང་ནི་རྒྱལ་མཆོ་བཅུ་གསུམ་པའི་བློ་གཏད་བཅོལ་ས་དང་བཀའ་འདྲི་གནང་ས་གཙོ་བོ་ཞིག་ཡིན་པ་རེད། ཕུར་ལྕོག་བྱམས་པ་ཚུལ་ཁྲིམས་ཀྱིས་བརྩམས་པའི་བཅུ་གསུམ་པའི་རྣམ་ཐར་ངོ་མཚར་རིན་པོ་ཆེའི་ཕྲེང་བ་རུ་”འབྲས་སྤྱི་འབེལ་བློ་དེ་བཞིན་བོད་ལྗོངས་རྒྱལ་ཁབ་ལ་ཁ་ཞེ་གཉིས་མེད་ཀྱི་ཞེན་པ་ཆེ་གཤིས། ༧རྒྱལ་དབང་མཆོག་ནས་ཀྱང་ཞི་དྲག་གི་འདུ་འགོད་མང་པོ་ཞིག་ལས་བརྩམས་པའི་གསུང་འདྲི་བཀའ་བསྡུར་ཞིབ་ལྷུགས་སུ་བསྐྱངས་པར། ཆབ་སྲིད་ལ་རྒྱར་སྨན་པའི་བཀའ་ལན་དྲང་འབྲེལ་ཇི་སྙེད་ཅིག་ཕུལ་བའི་འབྲུ་དོན་ཕྱག་བྲིས་སུ་ཕབ་པའང་འདུག”ཅེས་འཁོད། 


འབྲུག་ཀ་ཇི་ཨོ་རྒྱན་རྡོ་རྗེ།


ཁོང་ནི་ཀ་ལོན་སྦུག་ཏུ་གཞིས་ཆགས་པའི་ཚོང་པ་དང་། འབྲུག་གི་མཐོ་རིམ་སྐུ་དྲག   འབྲུག་ཀྲོང་སར་དཔོན་སློབ་ཀྱི་ནང་བློན་བཅས་ཡིན་པ་རེད།  ཁོང་ལ་འབྲུག་གཞུང་གིས་དཔག་བསམ་སྐུ་ཚབ་ཅེས་པ་དང་། གོང་གཟིམས་ཞེས་པའི་དཔོན་གྱི་མཚན་གནས་རིམ་བཞིན་གནང་། ཕྱི་ལོ་1903ལོར་དབྱིན་དམག་གིས་བོད་ལ་བཙན་འཛུལ་བྱས། ཁོང་གིས་འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་ལ་ནན་བསྐུལ་ཆེན་པོས་དབྱིན་བོད་འདུམ་འགྲིག་ཐད་ལ་རོགས་དན་དགོས་པའི་བསྐུལ་མ་བྱས།  འབྲུག་རྒྱལ་ཨོ་རྒྱན་དབང་ཕྱུག་གིས་ཁོང་གིས་རེ་འདུན་དང་དུ་བླངས་ནས་ཁོང་རྣམ་གཉིས་དབྱིན་བོད་བར་འདུམ་བྱེད་པར་ཆེད་ཕེབས་བྱས།  ཐོག་དང་པོར་འདུམ་འགྲིག་ཐད་ལ་ཕན་ནུས་དེ་ཙམ་མ་ཐོན་ཡང་མུ་མཐུད་འབད་བརྩོན་གནང་པས། ཕྱི་ལོ1904ལོའི་ཟླ9་ཚེས་7ཉིན་ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ཀྱི་ནང་དུ་དབྱིན་བོད་ཐོབ་ཐང་འདྲ་མཉམ་གྱི་ཐོག་ནས་ཞི་མཐུན་ཆིངས་ཡིག་དོན་ཚན་དགུ་ཅན་དེ་འཇོག་ཐུབ་བྱུང་། ད་དུང་ཀ་ལོན་སྦུག་ཏུ་ཡོད་པའི་ཁོང་གི་སྒེར་གཞིས་ར་བ་དང་བཅས་པ་རྒྱལ་མཆོག་བཅུ་གསུམ་པར་ཕུལ་ཏེ་མཚན་ལ་ཀ་སྦུག་མི་འགྱུར་མངོན་དགའི་ཕོ་བྲང་ཞེས་སུ་བཏགས། “ཁོང་ཉིད་དད་སྟོབས་དང་། བྱས་པ་ཆེ་བས་༧རྒྱལ་དབང་མཆོག་ཀྱང་ཐུགས་གཏིང་ནས་མཉེས་ཏེ་ཟང་ཟིང་གི་གནང་སྦྱིན་དང་། ཚེ་དབང་གི་བྱིན་རླབས་ཟབ་མོ་སོགས་ཆོས་འབྲེལ་ཡང་ལྷུག་པར་བསྩལ་ནས་གནས་སྐབས་དང་། མཐར་ཐུག་གི་ཕན་བདེའི་བགོ་སྐལ་ཡངས་པ་མི་ཟད་པ་ལ་རང་དབང་དུ་སྤྱོད་པའི་སྐལ་བཟང་དགའ་སྟོན་ལ་འགོད་པར་མཛད། དེའི་རིགས་ཀྱི་མྱུ་གུ་བསོད་ནམས་སྟོབས་རྒྱས་ལ་བོད་གཞུང་གི་འཕྲིན་ལས་ཀྱི་སྣེ་མོར་གཏོགས་པའི་རིམ་བཞིའི་ལུང་ལས་བཟང་པོས་བཟང་བསྟོད། གང་གི་སྒྱུག་མོ་ཨ་ཡི་དབང་མོ་ལ་དགེ་བསྙེན་མའི་སྡོམ་པ་ཡང་དག་པར་ཕོག་སྟེ། ཐུབ་བསྟན་དབང་མོ་ཞེས་པའི་ཐ་སྙད་ཀྱང་གསར་ཏུ་བསྩལ།”བོད་དང་རྒྱལ་མཆོག་བཅུ་གསུམ་པར་བློ་དཀར་གཞུང་དྲང་གི་ཁོང་ནི་དྲན་འོས་པ་ཞིག་ཡིན་ལ། ཉེ་རབས་ཀྱི་བོད་འབྲུག་དམ་ཚིག་རྡོ་རྗེ་སྤུན་གྲོགས་ཀྱི་འདུ་ཤེས་ཟབ་པའང་ཤེས་དགོས་པ་ཞིག་རེད། གོང་གསལ་གནས་ཚུལ་རྣམས་ནི་ཕུར་ལྕོག་བྱམས་པ་ཚུལ་ཁྲིམས་ཀྱིས་བརྩམས་པའི་བཅུ་གསུམ་པའི་རྣམ་ཐར་ངོ་མཚར་རིན་པོ་ཆེའི་ཕྲེང་བའི་སྟོད་སྨད་གཉིས་ཆ་དང་། བཅུ་གསུམ་པའི་རྣམ་ཐར་གཞན་དག་ནང་གསལ་བར་འཁོད།

རྒྱལ་མཆོག་བཅུ་གསུམ་པའི་ཆིབས་ཞབས་གྲས་སུ་ཤེལ་དཀར་གླིང་པ་མི་འགྱུར་ལྷུན་འགྲུབ་ཀྱང་རྡོ་རྗེ་གླིང་དུ་ཕེབས། ཁོང་ནི་སྙན་གྲགས་ཆེ་བའི་བོད་ཀྱི་སྙན་ངག་པ་ཞིག་རེད་ལ།  རྒྱལ་མཆོག་བཅུ་གསུམ་པ་དང་གཤིབ་འདྲིས་ཆེ་བ་ཞིག་ཀྱང་ཡིན་པ་རེད། རྡོ་རྗེ་གླིང་དུ་ཕེབས་པའི་ལོ་དེའི་ཕྱིར་ལོ་སྟེ། ཕྱི་ལོ1911ལོར་རྒྱལ་མཆོག་གིས་ཐུགས་བསྐུལ་གནང་དོན་བཞིན་<དཔལ་གྱི་ཆོས་འཁོར་ལྷ་ས་དྲན་གླུ>ཞེས་པའི་ཡུལ་གདུང་འདུ་ཤེས་མཚོན་པའི་སྙན་ངག་གྲགས་ཅན་དེ་ཡང་རྡོར་གླིང་ནས་བརྩམས། ད་དུང་ཉེ་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ལྕང་ལོ་ཅན་དང་དགེ་ཆོས་སོགས་ཀྱང་འདི་ནས་འཛོམས།

ད་ཐེངས་ཧི་མ་ལ་ཡའི་ལྷོ་རྒྱུད་ལ་བསྐོར་ཙམ་བྱས་ཤིང་། བོད་ཀྱི་རི་ཆུའི་མཐོང་སྣེ་རེའང་མཇལ་ཙམ་བྱུང་། གཞན་འགྱུར་གྱི་དུས་རིམ་ནང་དུ་ང་ཚོའི་ཡིན་པ་མང་པོ་ཞིག་ང་ཚོ་དང་གྱེས་ཤིང་། ངོ་ཐག་ཆོད་པ་མང་པོ་ཞིག་ཀྱང་ཆ་མེད་དུ་འགྱུར་གྱིན་པ་མཐོང་།


རྡོར་གླིང་གི་འདུ་ཁང་ཞིག་གི་བཀོད་པ། རྫ་སྐྱེས་ཕུར་བས་པར་བླངས།

(༡)གོར་ཁ་དང་། གོར་ཥ་གཉིས་འབྲི་སྲོལ་འདུག་ཀྱང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་ཡོངས་འཛིན་ཕུར་ལྕོག་གི་བཅུ་གསུམ་པའི་རྣམ་ཐར་ངོ་མཚར་རིན་པོ་ཆེའི་ཕྲེང་པ་རུ་ཕྱི་མ་བྲིས་འདུག 
(༢)བཅུ་གསུམ་པའི་རྣམ་ངོ་མཚར་ཕྲེང་པ་རུ་འདི་ལྟར་བྲིས་ཡོད།
(༣)འབྲུག་ཕུན་ཚོགས་གླིང་ནས་ཐེམ་པོ་ལ་འགྲོ་བའི་ལམ་དུ་ཡོད་པའི་ལ་ཆེན་ཞིག

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།