དོལ་པོའི་ཡུལ་སྲོལ་འགའ་རགས་ཙམ་གླེང་བ།

51801


རྩོམ་པ་པོ། པདྨ་དགོས་འབྱོར།

    ངས་ཡུལ་སྲོལ་འདི་དག་འབྲི་སྐབས་བསམ་བློ་ཡང་ཡང་བཏང་མྱོང་བ་ནི་བྲིས་ན་ཕན་ཐོགས་གང་ཡོད། མ་བྲིས་པར་ཡལ་བར་དོར་ཚེ་མི་རབས་རྗེས་མའི་ངག་ནས་གླེང་རྒྱུ་ཙམ་ཡང་མེད་པར་གྱུར་སོང་ནའང་གང་འདྲ་ཞིག

    བསམ་གཞིག་ཡང་ཡང་བྱས་མཐར་རང་ཉིད་ལ་ཕ་ཡུལ་གྱི་འཚོ་བའི་སྣང་བརྙན་རེ་རེས་དང་། རྔུལ་ནག་ཁྲོད་ཀྱི་དགོད་སྒྲ་རེ་རེས་དམིགས་བསལ་སྐུལ་མ་བགྱིས་པས་ཞིབ་ཚགས་ཤིག་འབྲི་ཁོམ་དང་། འབྲི་ནུས་པ་མི་འདུག་ཀྱང་ཆ་ཤས་འགའ་ཞིག་ཡིག་ཐོག་ཏུ་དབབ་རྒྱུའི་དམ་བཅས།

    དེ་རིང་དོལ་པོའི་ཡུལ་སྲོལ་སྐོར་འབྲི་འདུན་ཡོད་པ་དག་ནི།  དང་པོ། བྱེས་ལ་ཆོམ་སྟངས། གཉིས་པ། བྱིས་པ་བཙས་སྟོན།  གསུམ་པ། ཞིང་ལས་སྐོར།  བཞི་བ། ཤིད་སྐྱོང་སྟངས། ལྔ་བ། གུས་བཀུར་ཞུ་སྟངས་བཅས་སོ།།

བྱེས་ལ་ཆོམ་སྟངས།

     བྱེས་ལ་ཆོམ་དུས་ནི་གཟའ་དང་། སྐར་མ། ཚེས་གྲངས་སོགས་མང་པོ་ཞིག་བརྟག་པ་ཡིན། དེ་ཡང་གཟའ་སྤེན་པའི་ཉིན། ཟིན་ཕུང་། བླ་གཟའ། གཤེད་གཟའ། སྲོག་གཟའ། ( དེའི་ནང་ནས་དམིགས་བསལ་བླ་གཟའ་གལ་ཆེན་བརྩི།)  ཆུ་ཚགས་སོགས་མེད་པའི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ལ་ཁེལ་བ་བྱེད། གལ་ཏེ་གལ་ཆེན་ཆེད་དུ་འགྲོ་བའི་དུས་ཚོད་དེའི་ཉིན་གཟའ་སྐར་མི་ལེགས་ཚེ་ཉིན་སྔ་མར་ཕྱིར་གུར་ཕུབ། བྱེས་ལ་བཅམ་པའི་ཅ་དངོས་ཕྱིར་འདོན། དེ་ནི་རྣམ་རྟོག་སེལ་ཆེད་ཡིན་པ་དང་། རྣམ་རྟོག་སེལ་ཏེ་བློ་བདེ་སོང་ན་བྱ་བ་ལམ་ལྷོང་ཡོང་བ་ངོས་འཛིན་སྲོལ་ཡོད་མོད། དོལ་པོར་ཟླ་བ་མང་པོའི་ཆེད་བྱེས་ལ་འགྲོ་དུས་ནི་སྟོན་ཟླ་དགུ་བ་བཅུ་བའི་ནང་ལ་ཡིན་སྟབས་ཡར་ངོའི་ཟླ་བའི་ནང་བྱེས་བསང་སྟེ། ཡུལ་ལྷ་གསོལ། དར་ལྕོག་འཛུགས་བྱེད་པ་ཡིན། དེང་སང་ནི་གཞོན་སྐྱེས་མང་པོས་དེ་ཙམ་གཟའ་སྐར་ལ་དོ་སྣང་མི་བྱེད།

    བྱེས་པ་དངོས་གཞི་ཕྱིར་ཐོན་སྐབས་ཁྱིམ་གྱི་ཨ་མ། ཡང་ན་མཁར་རྒན་( ཁྱིམ་གྱི་ཨ་ཕ་དང་། ཡང་ན་བུ་ཆེ་བ། མདོར་ན་ཁྱིམ་ཚང་གི་འགོ་འཛིན་ལ་ཟེར།) ནམ་འགོ་འཛིན་གྱིས་སྣོད་ཡིད་དུ་འོང་བ་གས་ཆག་མེད་པའི་ནང་འབྲུ་སྣ་ཚོགས་ཀྱི་མཆོད་འབྲུ་ཡར་དང་བཅས་པ་ལག་ཏུ་ཐོགས་ནས་དང་པོ་་ཁང་པའི་སྒོར། དེ་ནས་བྱེས་པའི་མགོར།  རིམ་བཞིན་དེར་འདུས་ཀུན་གྱི་མགོར་བསྒྲོན། ( བླ་མ་སོགས་ལ་སོ་སོས་བཞེས་སུ་གསོལ་དགོས་པ་ནི་གུས་ཞབས་མཚོན་ཆེན་ཡིན། )དཀོན་མཆོག་ལ་གསོལ་འདེབས། ཡུལ་ལྷ་གཞི་དག་ལ་གྲོགས་ར་ཟླའི་སྐུལ་མ། རྒྱས་པའི་སྐབས་ཕྱི་རུ་གདན་དང་ཅོག་རྩེ་སོགས་བཤམས། བྱེས་ལ་ཆོམ་མཁན་དང་ཉེ་འཁོར། ཁྱིམ་མཚེས་རྣམས་འདུས་ནས་ཆང་གིས་སྐྱེལ་མ་བྱེད། སྤྱིར་ཐག་རིང་ལ་འགྲུལ་བཞུད་དེ། བྱེས་ལ་ཆོམ་མཁན་དེར་ཡུལ་མི་ཚོས་ཆང་རག བག་ལེབ་སོགས་ཟས་སྣ་ཅི་རིགས་ལ་ཡར་བསྒྲོན་དེ་མགྲོན་གཤོམ། རེ་འགས་སོ་སོའི་ནང་ལ་སྔ་ས་ནས་མགྲོན་འབོད་སྲོལ་ཡང་མཆིས། སྐྱེལ་མ་ཟབ་རྒྱས་སྣ་ཚོགས་བཅས་བྱེས་ལ་འགྲོ་སྟངས་སྐོར་རགས་ཙམ་མོ།།  ལམ་ཁར་སྐུད་པ་ནག་པོ་བསྒྲིམ་མཁན། སྣོད་སྟོང་པ་ཅན་དང་ཐུག་སོང་ན་ལྟས་ངན་པར་བརྩི།

བྱིས་པ་བཙས་སྟོན།

    སྤྱིར་དོལ་པོའི་ཡུལ་སྡེ་ཁག་ཀྱང་ཁ་འཐོར་ལ་གནས་ཡོད་པ་དང་། ཡུལ་སྡེ་ཐག་རིང་བ་ཕན་ཚུན་དབར་འབྲེལ་འདྲིས་ཀྱང་དཀའ། དེ་བས་ཡུལ་ལུང་སོ་སོའི་ཡུལ་སྐད། བྱེད་སྒོ་ཅུང་མི་འདྲ་ས་མང་པོ་ཡོད། བྱིས་པ་བཙས་སྟོན་ནི་རྟ་རབ་དང་། བན་ཚང་ཕྱོགས་སུ་དར་བའི་ལུགས་སྲོལ་ཞིག་ཡིན། ཁྱོ་ཤུག་གཉིས་ལ་བཙས་པའི་ཕྲུ་གུ་དང་པོ་དང་ཕ་མ་གཉིས་ལ་དམིགས་བསལ་ཡུལ་མི་ཚོས་ཁ་བཏགས་བསྒྲོན་པ། མགོ་ལ་ཡར་རྒྱག སྒོར་མོ་དང་འབྲུ་རིགས་སོགས་རང་འདོད་ལྟར་སྟེར་སྲོལ་ཡོད།

    ཡང་སྐབས་རེར་ཉིན་གཅིག་ལ་ལོ་གཅིག་བརྩི་དགོས་པའང་ཡོད།  དོལ་པོའི་ལུགས་སྲོལ་གྱི་མིའི་ལོ་བརྩི་སྟངས་ནི་”ཉི་མ་ལྡོག་འགྱུར་ལོ་འཕོ་སྟེ”གསུངས་པ་དང་མཐུན་པར་སང་ཉིན་ཉི་མ་ལྡོག་རྒྱུར་དེ་རིང་བྱིས་བ་བཙས་ཚེ་ཉིན་གཅིག་ལ་ལོ་གཅིག་བརྩི་དགོས་པ་ཡིན། དེ་བས་ཡོངས་གྲགས་སུ་ལོ་ཁ་རྒྱལ་པོ་དང་ཕམ་པོ་ཞེས་ཤོད་སྲོལ་མཆིས།

ཞིང་ལས་སྐོར།

    རིག་གཞུང་དང་ལམ་ལུགས་བཟང་པོ་ནི་གཞན་གྱིས་བཀུར་ཞིང་རང་ལའང་བསམ་པའི་ལོངས་སྤྱོད་དེ་འཆི་བར་ཕངས་ལ་གསོན་ཚེ་གཟི་བརྗིད་ཅིག འདིར་དོལ་པོའི་ཡུལ་སྲོལ་ཁྲོད་ཀྱི་ཞིང་ལས་སྐོར་གླེང་སྐབས་རིག་གཞུང་དང་འབྲེལ་བའི་སྐད་ཆ་མང་དག་ཅིག་གླེང་རྒྱུ་འདུག་མོད་ཀྱང་ཚིག་གི་སྤྲོས་པ་རེ་ཞིག་ངལ་གསོ་བར་བྱ། བོད་ཟླ་དང་པོ་ནི་ཆོ་འཕྲུལ་ཟླ་བ་སྟེ། སྟོན་པ་སངས་རྒྱས་གང་དེས་སྐུ་གསུང་ཐུགས་ཀྱི་རྫུ་འཕྲུལ་བཀོད་པ་མཐའ་ཡས་པའི་སྒོ་ནས་བདུད་དང་མུ་སྟེགས་རྣམས་ཚར་བཅད་ཅིང་དམ་པའི་ཆོས་སྒོར་འཛུད་པར་མཛད་པའི་དུས་བཟང་དེར་དོལ་པོའི་ས་ཁུལ་ཕལ་མོ་ཆེར་སྔར་ལུགས་བྱང་གཏེར་འགྲོ་བ་ཀུན་གྲོལ་དང་། ཕྱིས་སུ་དར་བ་དཔལ་མོ་ལུགས་གང་རུང་གི་སྒོ་ནས་བསྙེན་ནས་ཆ་བརྒྱད། ཆ་བཞི་སྣ་ཚོགས་དང་། ཕྱག་མཆོད་དགེ་སྦྱོར་ལ་བརྩོན། དཔྱིད་ཀའི་ཉི་མ་དྲོན་པོ་ཤར་འགོ་ཚུགས་རྗེས་སྐྱེས་བ་རྣམས་ཡང་ཡང་འདུ་འཛོམས་ཀྱིས་མདའ་རྩེད་ལ་རོལ། མདའ་ནི་རྩེད་མོ་ཁོ་ན་མིན་པར་རིམ་གྲོར་ཡང་བརྩི་མོད། སྔོན་དུས་སྲོག་ཁབ་ཟེར་བ་རྩ་ཆེན་དུ་བརྩི་བས་དགྲ་ལྷ་གསོལ་རོགས་ཟེར་ནས། ཁབ། དེ་བཞིན་སྒོར་མོ་སོགས་མདའ་བ་རྣམས་ལ་སྟེར་སྲོལ་མཆིས། དེ་བཞིན་མདའ་ཆང་དང་། གནང་སྦྱིན་( གཞས་འཁྲབ་མཁན་ལ་སྦྱིན་པའི་ལེགས་སྐྱེས་ཀྱི་མིང་།) ཞེས་ཡང་ཡང་ཡུལ་མི་རྣམས་ལྷན་འཛོམས་ཀྱིས་གཞས་དང་ཞབས་བྲོའི་དགའ་སྐྱིད་ལ་རོལ་བ་ཡིན། བོད་ཟླ་གཉིས་པའི་ཟླ་མཇུག་ཙམ་ནས་ལུད་དབོར་བ་སོགས་ཞིང་ལས་འགོ་འཛུགས། ས་བབ་མཐོ་དམའི་རྐྱེན་གྱིས་དུས་ཚིགས་སྔ་ཕྱི་རིམ་པ་ཅི་རིགས་ཡོད།  ( དེའི་སྐོར་ཞིབ་ཕྲ་གལ་ཆེན་མ་མཐོང་བས་འབྲི་བའི་ངལ་བ་མ་བྱས།)  སྔོན་དུས་མི་རྣམས་ལ་དུས་ཚོད་བརྟག་ཐབས་ཀྱི་ཆ་རྐྱེན་ཕོངས་སྟབས་གནས་བབ་དང་བསྟུན་ཞིང་རྣམ་དཔྱོད་ཀྱི་རྩལ་ལས་འབུས་པ་སྟེ། ཤར་རི་གང་ནས་ཉི་མ་ཤར་སྟངས།  ཉེ་འདབས་ཕ་བོང་སོགས་ལ་གྲིབ་མ་ཕོག་སྟངས། ནུབ་རིར་ཉི་མ་བྱོན་སྟངས་བཅས་ལ་བརྟགས་ནས་དུས་ཚོད་ཚད་འཛིན་བྱེད། དེ་བཞིན་མཚན་དང་ཞོགས་པའི་ནམ་ཚོད་ནི་དམའ་བོ། སྨིན་དྲུག སྨིན་བདུན། སྐར་ཆེན་བཅས་ལ་བརྟག འདི་དག་ནི་སྲོལ་རྒྱུན་འཚོ་བའི་རི་མོ་ཞིག་ཡིན། ད་དུང་འཚོ་ཐབས་ཞན་པ་ཚོ་གཞན་གྱི་གླ་བོ་( གཞན་གྱི་ལས་མི་རྒྱུན་རིང་སྡོད་མཁན་གྱི་མིང་། ) སྡོད་སྐབས་སྨིན་བདུན་ཤར་མ་ཐག་མལ་ལས་ལྡང་བ་དང་འབྲེལ་བའི་གཏམ་རྒྱུད་སྙིང་གྲང་སིལ་སིལ་བྱེད་པ་རེའང་རྒན་གྲས་ཚོའི་ངག་ནས་གོ  དོལ་པོར་ཞིང་ཁར་འབྲུ་རིགས་ལ། ནས། གྲོ། བྲ་བོ། རྒྱ་བྲ། ( ཡུལ་སྐད་དུ། རྒྱབ་རས། ) ཏིལ་དམར་སེར། ( ཡུལ་སྐད་དུ། ཚུག ) ལ་ཕུག ཞོག་ཁོག ( ཡུལ་སྐད་དུ། པི་འདྲའ། ) ཐུ་ལུ་སོགས་འདེབས་པ་ཡིན། ས་བདག་ཡུལ་ལྷར་གསུར་གཏོང་བ་སྔོན་དུ་སོང་ནས་ཞིང་རྨོ། རྨོ་མཁན་ནི་སྐྱེས་བ་ལས་བུ་མོས་རྨོ་སྲོལ་མེད། སྟོན་ཟླ་བདུན་པའི་དཀྱིལ་ཙམ་ནས་ལོ་ཏོག་བསྡུ་འགོ་རྩོམ་མོད། བརྩས་མའི་བརྩས་གླུ། གཡུལ་གྱི་སྐབས་སྙི་གླུ། མདོར་ན་ལུས་ཀྱི་ངལ་རྩོལ་ཅི་ལྟར་ཆེ་རུང་སེམས་ཀྱི་ཞི་བདེ་དང་། དགོད་སྒྲ་དེའི་མཛེས་པ་ནི་ཚིག་གི་བརྗོད་པ་ལས་འདས་སོ།། 

     བྱིས་པ་གཉིད་དུ་འཇུག་གླུ། ཞོ་གླུ། སྐྲ་གླུ ( སྐྲར་ལྷས་མ་སླ་སྐབས་ལེན་པའི་གླུ།) རྫི་བོ་སོགས་སྐབས་མ་ངེས་པར་ལེན་པའི་ཚིག་རྒྱག་གླུ། ( སོར་གདུབ་གླུ།) གཉེན་སྒྲིག་སྐབས། བསུ་གླུ། གཉེན་སྟོན་གླུ། སྤྲོ་སྐྱིད་འདུ་འཛོམས་སྐབས་འཛོམ་གླུ་སོགས། བླ་མ་སོགས་གདན་ཞུ་སྐབས་དགའ་བསུའི་གླུ། མདོར་ན་དོལ་པོ་ནི་གླུའི་ཕ་ཁྱིམ་ཡིན་ཟེར་ཡང་ཆོག

     དགུན་དུས་དོལ་པོའི་འཚོ་བ་སྐྱེལ་སྟངས་ནི། གཏན་འཇགས་ཕ་ཡུལ་དུ་སྡོད་མཁན་ཚོས་དགུན་ཁ་ནི་ཧ་ཅང་སྐྱིད་ཟེར། ལུས་དལ་ལ། ཁྱིམ་མཚེས་ཕན་ཚུན་འདུ་འཛོམས་ཀྱིས་དགའ་སྤྲོར་རོལ། ཚེས་བ་བཅུ། བཅོ་ལྔ། ཉེར་ལྔ། གནམ་གང་ནམ་ཡིན་ལ་ལྷན་གཅིག་ཏུ་འཛོམས་ཏེ་དགེ་སྦྱོར་ལ་བརྩོན།  ཡང་བུ་མོ་ཚོ་སྲོད་ལས་ཞེས་ཁྱིམ་མཚེས་ཕན་ཚུན་ལྷན་གཅིག་ཏུ་རེས་མོས་ཀྱིས་འཛོམས་ཏེ་འཕང་འཁེལ་བ། སྐབས་རེར་དགུན་ཁ་མཚན་རིང་བས་དུས་ཕུད་ཆེད་སྒྲུང་ཤོད་པ། ལྡེའུ་འཛུགས་པ། སོ་སོའི་བདེ་སྡུག་གི་གནས་སྟངས་སྐྱིད་སྡུག་མཚུངས་ལུང་འབོལ་འབྲོག་ ( ཡུལ་སྐད། ཁ་བརྡ།) ཅེས་གླེང་རེས་བྱེད་པ་བཅས་སོ།།

    ཤིད་སྐྱོང་སྟངས་ནི་དང་པོ་རྟགས་སྒྲོལ་གཤིན་པོའི་ངོ་གདོང་དང་། མགོ ལུས་པོའི་རྒྱབ་མདུན་ལ་སྦྱོར། ལོ་རྟགས་གཅིག་པས་ཕུང་པོའི་འགྲམ་ལ་འགྲོ་མི་རུང་བར་འདོད། ( ཡུལ་སྐད་དུ། ཕུང་པོ་མིའི་རོ་ལ་འབོད་པས་གཤམ་དུ་དེ་ལྟར་བཀོལ་རྒྱུ་ཡིན།) ཕུང་པོ་སྒུལ་རྗེས་དབུགས་ཆད་སྐབས་སྡོད་སྟངས་གང་འདྲ་འདུག་དེ་ལྟར་འཇོག་དགོས། དེ་ནས་གཤིན་པོའི་མདུན་འོད་དཔག་མེད་དང་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་འདྲ་དང་ཐང་ཀ་ཅི་རིགས། དེ་བཞིན་བླ་མའི་སྐུ་པར། བར་དོ། མདོ་མང་། གཟུངས་བསྡུས་སོགས་གླེགས་བམ་ཅི་རིགས་དད་པའི་རྟེན་དུ་ཞུགས་སུ་གསོལ་ཏེ་བླ་མས་འཕོ་བ་དང་བསྔོ་སྨོན་མཛད། ཐག་རིང་སའི་བླ་མར་རྒྱང་འཕོ་ཞེས་ཀྱང་ཞུ། ཉིན་གསུམ་རིང་བསྔོ་སྨོན་གང་ཐུབ་བྱེད། དམངས་ཁྲོད་ཀྱི་གཏམ་དཔེར། ” ཁྱིམ་མཚེས་བ་ཤི་ནའང་ཞག་གསུམ་གླུ་མ་ལེན།” ཟེར་བ་ལྟར་ཡུལ་མི་ཚོས་གདུང་སེམས་མཉམ་སྐྱེད་ཞུ། རང་འདོད་ལྟར་རྒྱུ་སྦྱོར་བ། རོགས་ར་ཟླ་ཅི་ཕན་ལ་བརྩོན་པ་ནི་ལམ་ལུགས་བཟང་པོ་ཞིག་དང་ནམ་ཞིག་རང་ཐོག་ཏུའང་ཁེལ་ངེས་པ་ཅན་ཡིན་སྟེ།  ” སྐྱིད་སྡུག་ལ་རེས་མོས།། ཉི་ཟླ་ལ་འཆར་རེས།། “ཟེར་བ་ཡིན། ལམ་ལུགས་དེ་དག་ནི་ཅིས་ཀྱང་ཡུན་རིང་པོར་གནས་དགོས་སོ་ཞེས་པ་ནི་ཞོར་བྱུང་གི་བསམ་ཚུལ་ཙམ་ལགས། དེ་ནས་གཤིན་པོའི་དོན་དུ་དགེ་སྦྱོར་ཅི་ཞིག་སྒྲུབ་དགོས་པའི་ལག་ལེན་དངོས་གཞི་སྐབས་ནི་དེ་ཡང་རྩིས་པས་ཚེ་འདས་ཀྱི་ལོ་དང་། ལོ་རྟགས། དབུགས་ཀྱི་རྒྱུ་བ་འགགས་པའི་དུས་དང་བསྟུན་རྩིས་སུ་ཅི་བབས་དགེ་སྒྲུབ་བྱེད་དགོས། ཚེ་ལས་འདས་པའི་ཉིན་གསུམ་པའི་ཞོགས་པ་བསང་གཏོང་།  ཞག་གསུམ་ཞེས་ཡུལ་མི་ཚོ་བོས་ནས་ཐུག་པ་དང་།   ཟས་སྣ་ཚོགས་གཤོམ། འབུལ་བ་( གཤིན་པོའི་དོན་དུ་བླ་མར་འབུལ་མཚོན་གྱི་མིང་།)  ཞག་གསུམ་ཉིན་བཅོམ་པ་ཡིན། དེ་བཞིན་འཇམ་ཞེས་ཞག་ཞེ་དགུའི་རིང་བདུན་ཕྲག་རེ་ལ་དགོན་པ་མ་འདྲ་བ་རེར་བསྔོ་སྨོན་གསུང་རྟེན་དུ་རྩམ་པ་དང་ཕྱུར་བ། མཆོད་མར་སོགས་འབུལ། དབྱར་དུས་ཡིན་ན་ཕུང་པོ་མེར་བསྲེགས་ཚེ་ཆར་ཆུ་དུས་སུ་མི་འབབ་པའི་རྐྱེན་བྱེད་པར་འདོད་པས་ལ་ལས་བཏུབས་ཏེ་ཆུར་བསྐྱུར་བ་དང་། རེ་འགས་གཅོད་ཀྱི་ཆོ་ག་དང་འབྲེལ་བྱ་ལ་སྟེར་(ཡུལ་སྐད་དུ་བྱ་སྟེར་འབོད།) སྲོལ་ཡང་མཆིས། ཡང་རེ་འགས་ཚའི་ཁོག་ཏུ་གཉེར་ཏེ་སྟོན་དུས་ཞི་རྒྱས་དབང་དྲག་ཆོ་ག་ཅི་རིགས་སྒོ་ནས་སྦྱིན་སྲེག་དང་སྦྲགས་མེར་བསྲེག ཕུང་པོ་ཁྱེར་མཁན་ནི་རྒྱབ་གསར་ཞེས་དེ་སྔ་ཕུང་པོ་ཁུར་མ་མྱོང་མཁན་གལ་ཆེན་དུ་བརྩི་བ་དང་། ལ་ལས་དྲིན་ལན་འབྱོངས་ཆེད་ཅེས་ཁྱོ་བོ་ཤི་ན་བུད་མེད་ཀྱིས་ཁུར་བ་དང་། བུད་མེད་ཤི་ན་ཁྱོ་བོས་ཁུར། ཁྱེར་འགྲོ་དུས་ཕུང་པོ་དེ་རས་དཀར་པོ་དྲི་མ་མེད་པ་དང་། དེའི་ཕྱིར་བལ་གྱི་ཀམ་ལོ་སྤུས་ལེགས་ཀྱིས་བཏུམས།  བླ་མས་ཌ་དྲིལ་དཀྲོལ་བཞིན་དར་རས་དཀར་པོ་ཞིག་གིས་སྣེ་བསུས་ཏེ་སར་ངལ་གསོ་དང་ཕྱི་བལྟས་མེད་པའི་སྒོ་ནས་ཁྱེར་འགྲོ་བ་ཡིན། དེ་ནས་ཆོ་ག་ཅི་རིགས་ཀྱི་སྦྱིན་བསྲེག་དང་མེར་བསྲེག མེར་སྲེག་སྐབས་ཤིང་ལྷག་མ་དང་། ཏོག་རྩེ་སོགས་ས་གཞིར་སྤྱད་པའི་ཡོ་བྱད་རྣམས་ཤུལ་དུ་མི་འབོར། རུས་པ་དེ་དག་སཙྪ་བཏབ་ཏེ་ས་གཙང་ས་སོགས་ལ་འཇོག གཤིན་པོའི་བསམ་པ་བཟང་ངན་ཞེས་དུས་ཚིགས་བྲེལ་ཟིང་ཡོད་མེད་སོགས་ལ་བསྟུན་ནས་བརྟག ཉིན་གསུམ་པ་ནས་ཚིགས་བཞི་བ་བར་སྔ་དགོང་དུས་གསུམ་གསུར་ཆད་མེད་དུ་གཏོང་དགོས།རབ་བྱུང་ན་བདུན་ཕྲག་རེ་ལ་ཚོགས་མཆོད་སྨོན་ལམ་རྒྱས་པོ་རེ། འབྲིང་བདུན་ཕྲག་རེ་ལ་དགོན་པ་རེར་བསྔོ་སྨོན་གསུང་བར་བསྐུལ་བ་དང་། བདུན་ཚིགས་བཞི་བའི་(  ཚིགས་བཞི་བ།)  ཉིན་དམིགས་བསལ་ཚོགས་མཆོད་རྒྱས་འབུལ་བྱེད། གཤིན་པོའི་རྣམ་ཤེས་བྱང་བུ་སྤར་བ་ཡིན། ཞག་ཞེ་དགུའི་ཉིན་(  ཞེ་དགུ)  གཤིན་པོའི་དོན་ནར་ཆགས་སུ་སྒྲུབ་རྒྱུའི་མཆོད་འབུལ་མཐའ་མ་དེ་ཡིན།

བླ་མ་སོགས་གོང་མར་བཀུར་ལུགས་སྟེ། དོལ་པོའི་ལུགས་ཀྱི་གུས་ཞབས་མཚོན་ཐབས་ནི། བུ་ཡིན་ན་ཕྱུ་བ་གོན་དགོས་པ།  ཕྱུ་བ་ཕུ་ཐུང་གཉིས་ཀ་གོན། གལ་ཏེ་ལག་གཡས་པའི་ཕུ་ཐུང་ཕུད་ཡོད་ཚེ་རྒྱབ་ནས་ཕྲག་པར་འཇོག  ( ལག་གཡས་པའི་ཕུ་ཐུང་ཕུད་ནས་ནར་ནར་རེར་སྡོད་པ་རྫིག་ཉམས་སུ་འདོད། ཡང་ཕུ་ཐུང་གཉིས་ཀ་ཕུད་ནས་སྐེད་ལ་སྡེམ་པ་ནི་ལས་སོགས་སྟབས་བདེ་བའི་ཆེད་ཡིན། )  མགོ་ལ་ཞྭ་མོ་དང་། སྟོང་སྐུད་དཀྲིས་ཡོད་ཚེ་ངེས་པར་དུ་ཕུད་དགོས། བུ་མོར་མཚོན་ན་རྒྱབ་རྗེན་སྟེ་རྒྱབ་ལ་ཀམ་ལོ་( ཡུལ་སྐད། བལ་དང་སྤུ་མདོག་ལས་ཚོན་སྣ་ཚོགས་ཅན་གྱི་ལག་བཟོས་གྲུ་བཞི་ཞིག སྤྱིར་ན་མངའ་རིས་ཕྱོགས་དང་། འུམ་ལ། མུ་གུམ།  ལ་དྭགས་སོགས་རྒྱབ་ལ་འདྲ་མིན་གོན་སྲོལ་འདུག  དོལ་པོར་དར་བ་ནི་ཚོས་གཞི་མཐུན་མིན་ཞིག་ཡོད། )  ཕུ་བཅད་( ཡུལ་སྐད། ཕུ་བཅད། ཕུ་ཐུང་། ཡང་ལ་ལས་ཕུ་མེད་ཀྱང་ཟེར།) རྒྱབ་ནས་བརྫེས་པ་མིན་པ།  ལམ་དུ་བཀུར་བར་འོས་པའི་མི་དང་འཕྲད་ཚེ་རྟ་ལས་འབབ། སྨད་དུ་སྡོད། ལུས་གུས་པའི་རྣམ་པ་དང་བཅས་པ་འདི་དག་དོལ་པོའི་སྲོལ་དུ་གོང་མར་བཀུར་ལུགས་ཡིན། དེ་བཞིན་དགོན་པའི་གཡས་གཡོན་དུ་རྟ་ལས་འབབ་པ། སྐད་ཅོར་མི་རྒྱག་པ། གླུ་དང་རོལ་མོ་སྤོང་བ་བཅས་འདི་དག་དོལ་པོའི་སྲོལ་གྱི་གུས་ཞབས་མཚོན་ཐབས་སོ།།

30/12/2019


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།