ཧི་མ་ལ་ཡའི་རི་རྒྱུད་ན་གནས་པའི་ཝ་ལུང་ལུང་པ།

79497


བཅར་འདྲི་བྱེད་ཡུལ། འབོ་དཀར་བཤད་གྲྭའི་མཁན་པོ་ཀོང་པོ་ཆོས་གྲགས་རྒྱ་མཚོ།
བཅར་འདྲི་བྱེད་མཁན། ཙོང་ཁ་ཚེ་བརྟན་རྒྱལ།

 ཧི་མ་ལ་ཡའི་རི་རྒྱུད་ན་བོད་རིགས་ལུང་པ་མང་ཙམ་འདུག་ན། ལུང་པ་རེ་རེ་ལོ་རྒྱུས་ཀྱི་ས་བོན་འཚོལ་ཞིབ་བྱེད་རྒྱུ་ནི་ལས་སླ་བོ་ཞིག་མིན་པ་ཡང་ཡང་དྲན་པས་ཤེས་བཞིན་དུ།གོར་བོད་དམག་འཁྲུག་དང་དབྱིན་བོད་དམག་འཁྲུག་གཉིས་ཀྱི་ལོ་རྒྱུས་ཡིག་ཚགས་ལས་ཝ་ལུང་ཞེས་པའི་ས་ཆ་ཞིག་མིག་ལ་ཐོགས་པ་ལྟར། རྡོ་རྗེ་གླིང་མི་རིགས་འབོ་དཀར་དགོན་པའི་ཕྱག་མཛོད་ཀརྨ་དོན་གྲུབ་ལ་ཡང་དང་བསྐྱར་དུ་སྐྱབས་འཇུག་ཞུས་ནས་འབོ་དཀར་བཤད་གྲྭའི་མཁན་པོ་ཀོང་པོ་ཆོས་གྲགས་རྒྱ་མཚོ་(ཝ་ལུང་ནས་སྐྱེས་པ)ལགས་དངོས་སུ་ངོ་སྤྲོད་གནངས་ཤིང་། མཁན་པོ་མཆོག་ཕྱག་ལས་སྟབས་དང་བསྟུན་ནས་ཐེངས་གཅིག་མཇལ་ན། དུས་ཚོད་འདང་ངེ་མེད་པ་ལྟར།ཁོང་གིས་ཝ་ལུང་གི་གནས་ཡུལ་དང་ནང་གསེས་གྲོང་ཚོ།གནས་བབ་བཅས་རོབ་ཙམ་གསུངས་པ་གཤམ་ལྟར།

ཝ་ལུང་ནི་བལ་ཡུལ་རྒྱལ་ཁབ་ཀྱི་བྱང་ཤར་ན་ཡོད་པའི་རི་བོ་ཇོ་མོ་གླང་མ་དང་གངས་ཅན་མཛོད་ལྔའི་བར་ན་ཨོ་ལང་ཅུང་གོ་ལ་ཟེར་བའི་གངས་རིའི་འདབས་དངKosiཁོ་སེ གཙང་པོའི་འགྲམ་རྒྱུད་ན་ཆགས་པའི་ཡུལ་ལུང་ཞིག་ཡིན། བལ་ཡུལ་གྱིས(ཨོ་ལང་ཅུང་གོ་ལའང)ཟེར། བོད་མིང་དུ་ཝ་ལུང་ཞེས་འབོད་པ་ནི་ཕལ་ཆེར་ཡུལ་གྱི་ཆགས་པ་ལས་བཏགས་སྙམ། དེང་བལ་ཡུལ་རྒྱལ་ཁབ་ཀྱི་ཏབ་པེ་ལྗོངས(teplejunge)རྫོང་གི་ཁོངས་སུ་གཏོགས།

དུས་ཀྱི་འཕོ་འགྱུར་དབང་གིས་ཝ་ལུང་ནི་བོད་དང་འབྲས་ལྗོངས། བལ་པོ་བཅས་ཀྱི་མངའ་ཁོངས་སུ་ཚུད་མྱོང་། འབྲས་ལྗོངས་ཆོས་རྒྱལ་མཐུ་སྟོབས་རྣམ་རྒྱལ་དང་རྒྱལ་མོ་ཡེ་ཤེས་སྒྲོལ་མས་བརྩམས་པའི་(འབྲས་ལྗོངས་རྒྱལ་རབས་)ནང་དུས་རབས་17པའི་འབྲས་མོ་ལྗོངས་ཀྱི་ས་ཁྲ་ལྟར་ན་འབྲས་ལྗོངས་ཀྱི་མངའ་ཁོངས་ཡིན་པ་གསལ་ཞིང་།དེ་མིན་འབྲས་ལྗོངས་ཀྱི་ཆོས་རྒྱལ་དང་པོ་ཕུན་ཚོགས་རྣམ་རྒྱལ་གྱི་སྐབས་སུ་སྟོད་གྲིབ་ཏ་ལ་མན་འབྲས་ལྗོངས་ཀྱིས་མངའ་དབང་བསྒྱུར་ཞེས་གསལ་ལ།སྟོད་གྲིབ་ཏ་ལ་ནི་ཝ་ལུང་ནས་སྤྱི་ལེ་འགའི་སའི་་བལ་བོད་ས་མཚམས་སུ་ཆགས་པའི་གངས་རི་ཞིག་ཡིན།

དུས་རབས18པའི་སྨད་ལ་ཝ་ལུང་དུ་འབྲས་གོར་ཆིངས་འགྲིག་ཆེད་བོད་ཀྱི་སྐུ་ཚབ་ཡོངས་འཛིན་ཞ་ལུ་མཁན་པོ་ཕེབས་ནས་འབྲས་གོར་ཆིངས་ཡིག་བཞག་མྱོང་བ་འབྲས་ལྗོངས་རྒྱལ་རབས་ནང་གསལ། 

ཝ་ལུང་ནི་ར་དུག། ཤུག་པ། གསོམ་ཤིང་།སྟག་ཤིང་སོགས་ནགས་རིས་བསྐོར་ཞིང་།  ལུང་པ་དེའི་མདུན་ངོ་ནས་གྲིབ་ཏ་ལ་ལས་འབབ་པའི་Kosiཆུ་རྒྱུན་དང་སྟོད་སྨད་གཉིས་ན་༼ཨོ་ལང་ཅུང་གོ་ལའི་༽གངས་རི་ལས་བརྒྱུད་པའི་ཆུ་ཕྲན་གྱི་བཞུར་སྒྲ་ལྷང་ལྷང་གིས་འབབ།

ཝ་ལུང་ནས་ཉིན་ཞག་ཡས་མས་ཀྱི་རྐང་ལམ་གྱི་འགྲོ་མཚམས་ན་སྐད་དང་ཡུལ་སྲོལ་གོམས་གཤིས།  རིག་གཞུང་སོགས་གཅིག་མཚུངས་སྤྱོད་པའི་གྲོང་ཚོ་ཆུང་ཆུང་འགའ་ཡོད་པ་ནི།སྟོད་ལ་ཐུགས་དམ།  སྨད་ལ་རྫོང་ཉིན། ལ་སད། ལང་ཏུམ་གསུམ་མོ།།

མདུན་ན་ཤིང་ཕུག  རྒྱབ་ན་ཡང་མག།  དགུན་ས།  ཁང་པ་ཆེན། ཕོ་ལེ།  གྲོག་པེ་བཅས་གྲོང་ཚོ་བཅུ་ཡོད་པ་ལས།   ཤིང་ཕུག་དང་ལ་སད།  ལང་ཏུམ་གསུམ་རོང་པ(ནེ་པ་ལའི་མི་རིགས)འབྲེལ་མཚམས་ལ་འཁལ་བ་ལྟར་སྐད་དང་ཆ་ལུགས་རོང་པར་ཅུང་ཟད་འདྲེས་པ་ལས།  དེ་མིན་གྲོང་ཚོ་གཞན་དག་ནི་ སྐད་དང་ཆ་ལུགས།  བཟའ་བཏུང་སོགས་གང་ཐད་ནས་གཏིང་སྐྱེས་དང་དབྱེར་མེད་རེད།  དུས་ཟིང་གི་སྐབས་བོད་ནས་འབྱོར་བའི་བོད་མི་ཁ་ཐོར་བའི་དུད་ཁྱིམ་རེ་ཟུང་ཡོད་ཅིང་དེ་དག་ཕོ་ལེ་གཞིས་ཆགས་སུ་གནས།

ཝ་ལུང་དང་སྟོད་གཏིང་སྐྱེས་གཉིས་བར་ཐག་ཉེ་བས། ཝ་ལུང་པ་ཚོས་ཀ་བློན་སྦུག་ནས་རས་དང་ཁ་བཏགས། ཚོན་རྩི། པིང་སོགས་ཚོང་ཟོག་བོད་ལ་ཁྱེར་ཞིང་།  བོད་ནས་བལ་དང་ཚྭ་སོགས་མར་ཁྱེར་འོངས་ཏེ་ཚོང་རྒྱག་པ་དང་བག་མ་གཏོང་བའི་ལུགས་སྲོལ་ད་ལྟའི་བར་དུ་མཆིས།

        ཝ་ལུང་གི་རྒྱབ་རིའི་རྐེད་ན་ཆགས་པའི་བདེ་སྐྱིད་ཆོས་གླིང་དགོན་ནི།དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ལ་བཞེངས་པ་དང་གོས་དཀར་ལྕང་ལོ་ཅན་གྱི་ ི་དགོན་སྡེ་བྱིན་ཆགས་ཆེ་ལ་ནང་རྟེན་ཕུན་སུམ་ཚོགས་པ་ཡོད།

 དགོན་ཆེན་དེ་བལ་ཡུལ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིང་ཤོས་ཅན་གྱི་དགོན་པའི་ཁོངས་སུ་འཇོག་པ་དང་། ཕྱག་འདེབས་མཁན་ནི་བླ་མ་འོད་གསལ་རྡོ་རྗེ་ཞེས་པ་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་ཞིག་ཡིན་ཚོད་འདུག ཁོང་ནི་ཝ་ལུང་བརྒྱུད་འབྲུག་ཡུལ་ནས་བོད་ལ་སློབ་གཉེར་ཕེབས་མཁན་ཡིན་ཚུལ་ཐོས་པ་དང་།ད་ལྟའང་ཁོང་གི་སྐུ་བརྙན་བདེ་སྐྱིད་ཆོས་གླིང་དགོན་པར་མཇལ་རྒྱུ་འདུག ལུང་པ་འདིའི་ནགས་གསེབ་ཞིག་ན་སྤྱན་རས་གཟིགས་ཀྱི་མཚན་སྔགས་མ་ཎི་ཡིག་དྲུག་རང་བྱུང་དུ་གསལ་བའི་ཤོ་མོ་ཞིག་འཁྲུངས་པ་དགོན་པར་གདན་དྲངས་ནས་ནང་རྟེན་བཞུགས་སུ་གསོལ་ཞིང་།ལོ་ལྟར་ཕུར་བའི་སྒྲུབ་མཆོད་ཚོགས་ནས་མཐོང་གྲོལ་གར་འཆམ་དང་དགྲ་བགེགས་བཟློག་ཆེད་གཏོར་རྒྱག་གཏོང་བའི་ཕྱག་རྒྱུན་མ་ཉམས་པར་གནས་ཡོད། སྔ་མོར་ཕུར་པའི་སྒྲུབ་ཆེན་གྱི་ཚོགས་མགོན་དུ་གཏིང་སྐྱེས་དགོན་བྱང་དགོན་ནས་རྡོར་སློབ་གདན་དྲངས་པ་དང་དེ་ཀའི་སྔགས་འཆང་ཚོ་དགོན་བྱང་དགོན་དུ་སློབ་གཉེར་ལ་ཕེབས་ཀྱིན་པའང་ཐོས།  མཐོང་གྲོལ་གར་འཆམ་མཇལ་ཆེད་དུ་དད་ལྡན་ཡུལ་མི་རྣམས་ཀྱིས་ཉིན་གསུམ་གྱི་རིང་དགོན་པའི་གཡས་གཡོན་ལ་གུར་ཕུབ་ནས་གོས་དང་རྒྱན་ཆ་སོགས་གཟབ་སྤྲོས་བྱས་ཏེ་ལོ་སར་ལྟ་བུའི་ཐུགས་སྤྲོ་རྒྱ་ཆེན་གཏོང་སྲོལ་འདུག

   (འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར)་ནང་། མོན་ལ་ཕེབས་ནས་རྫོགས་ཆེན་ཝ་ལུང་པ་དང་མཇལ་ཚུལ་གསུངས་པ་ལྟར་དགོན་པའི་རྒྱབ་ཀྱི་རི་ངོས་ལ་མཚམས་ཁང་དང་མཚམས་ཁང་གི་ཤུལ་མང་པོ་མཇལ་རྒྱུ་ཡོད་པ་བསམ་ན་སྔ་མོ་དགོན་དེར་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་སྐྱེས་བུ་མང་པོ་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཆེད་དུ་ཕེབས་་འདུག་སྙམ།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།