འབྲས་ལྗོངས་ལ་འཁྱུག་ཙམ་ཕྱིན་པ།

91736



                                                རྩོམ་པ་པོ། རྫ་སྐྱེས་ཕུར་བ།


 
ད་ལོ་གྲོགས་རྩིས་ཆེ་ལེགས་མཐོང་དང་མཉམ་དུ་འབྲས་ལྗོངས་ཀྱི་ཤར་ལྷོ་ནུབ་གསུམ་ལ་ཡུལ་བསྐོར་འཁྱུག་ཙམ་བྱས། དང་པོ་རང་ནས་འབྲས་ལྗོངས་ལྷོ་ཕྱོགས་ཀྱི་ར་ལང་དཔལ་ཆེན་དགོན་དུ་ཆས། དེ་ནི་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་ཞིག་སྟེ། གོ་ཧྲི་རྒྱལ་ཚབ་སྐུ་ཕྲེང་བཅུ་གཉིས་པའི་གདན་ས་རེད། གྲོགས་པོས་ད་ལྟ་ར་ལང་དགོན་གྱི་ཕུར་འཆམ་ལ་ཁེལ་གྱི་ཡོད་པས་དེ་ནས་ཉིན་འགར་སྡོད་དང་དེ་ནས་རིམ་བཞིན་འབྲས་ལྗོངས་ཀྱི་ཕྱོགས་སོ་སོར་མཉམ་དུ་འགྲོ་ཞེས་བཤད་པ་བཞིན་ཉིན་འགར་བསྡད།

ར་ལང་དགོན་གྱི་འདུ་ཁང་ཡང་ཐོག་ནས་བསྡད་དེ། རབ་གསལ་གྱི་ཡོལ་བ་ཕྱེས་ནས་བལྟས་ན། རི་བོ་གངས་ཅན་མཛོད་ལྔའི་དབུ་རྩེ་སྨུག་སྤྲིན་གྱིས་གཡོགས་པ་ནམ་རྒྱུན་མཐོང་ལ། སོས་ཀའི་ཆར་རླུང་དང་འདྲེས་པའི་སྨུག་སྤྲིན་དེ་དག་དར་དཀར་པོ་ཞིག་གི་ཟོལ་གྱིས་རི་རྩེ་ནས་རི་ཤོད་དུ་བབས་པའང་རྟག་ཏུ་མཐོང་ཡོང་།

ར་ལང་དཔལ་ཆེན་ཆོས་གླིང་།

འབྲས་ལྗོངས་ནི་ཏག་ཏག་རི་རྩེའི་གླིང་ཕྲན་ཞིག་རེད། ནགས་ཀྱི་ཀློང་ན་ཐར་ཐོར་ཏུ་གཞིས་ཆགས་པའི་རོང་གྲོང་ཞིག་རེད། རོང་གྲོང་གི་འབྲས་ལྗོངས་ན་བོད་ཀྱི་སྣང་བརྙན་ཞིག་དང་། རིག་གནས་ཤིག་དང་། ལོ་རྒྱུས་ཤིག་ཀྱང་ལུས་ཡོད་ཙང་། རྣམ་པ་གཞན་དུ་ཕྱོགས་ཀྱིན་པའི་དེང་གི་འབྲས་ལྗོངས་ལའང་འགྲོ་འདོད་ཅིང་སོང་ན་བསྡད་འདོད་པ་ཞིག་ཀྱང་ཡིན་གདའ།

འབྲས་ལྗོངས་ནས་ནམ་རྒྱུན་ནངས་མོ་སྔ་ཙམ་ལ་གཉིས་ལས་སད་ཡོང་། དྭངས་གཙང་གི་རླུང་དང་སྨུག་པ་རབ་གསལ་ལས་ལྡང་ཡོང་། ཉལ་ཁང་དང་ཁ་གཏད་དུ་ཡོད་པའི་འདུ་ཁང་གི་གསེར་ཏོག་དེ་སྐབས་མང་དག་ལ་སྨུག་པས་གཡོགས་འདུག གཉིད་ལས་སད་ཐེངས་རེ་རེར་ང་ནི་སྨུག་པའི་ཀློང་དུ་ཡིབ་པའི་གསེར་ཏོག་དེ་ལ་ལྟ་བར་སྤྲོ་མོས་ཞིག་སྐྱེ་ཡོང་།

               ར་ལང་དགོན་གྱི་ཕུར་འཆམ།

ཕུར་འཆམ་གྱི་ཟུར་ཞིག

ཡི་དམ་དང་ཆོས་སྲུང་གི་གར་དགུའི་ཉམས་ཀྱི་འགྱིང་སྟབས་ཇི་བཞིན་འཁྲབ་སྟོན་བྱས་པར་གར་འཆམ་དང༌། ལག་སྟབས་གཙོ་ཆེ་བར་གར། རྐང་སྟབས་གཙོ་ཆེ་བར་འཆམ་ཞེས་འབོད་སྲོལ་དར་བ་དང་། བོད་ལ་འཆམ་ནི་གཙོ་བོ་གསང་སྔགས་རྙིང་མའི་ལུགས་སུ་དར་ཆེ་བ་དང་། གར་ནི་གསང་སྔགས་ཕྱི་མའི་ལུགས་སུ་གཙོ་བོར་བྱུང་བ་ཞིག་ཡིན་པར་བཤད། དེ་ལས་བོད་ཀྱི་ཆོས་བརྒྱུད་སོ་སོའི་ཁྲོད་དུ་ས་སྐྱ་དང་ཀརྨ་བཀའ་བརྒྱུད་ལ་ཕུར་བའི་འཆམ་དར་རྒྱས་བྱུང་བ་བཞིན་དགོན་འདིར་གུ་རུའི་ཚེས་བཅུའི་འཆམ་དང་། མགོན་པོའི་གར་འཆམ། ཕུར་པ་རྡོ་རྗེ་གཞོན་ནུའི་འཆམ་བཅས་འཆམ་སྣ་གསུམ་ཡོད་པ་ལས་ཕུར་འཆམ་དང་། གུ་རུའི་འཆམ་གཉིས་ལོ་རེས་མོས་བྱེད་སྲོལ་མཆིས།

ཕུར་པའི་སྒྲུབ་ཆེན་ཉིན་བཅུ་ལྷག་རིང་འཚོགས་ནས་དེའི་ཡུན་ལ་ཕྱག་ལེན་གྱི་ཆོ་ག་རྒྱ་ཆེན་གནང་གྲུབ་རྗེས་ཕུར་འཆམ་ཉིན་གསུམ་རིང་འཁྲབ་སྲོལ་ཡོད་འདུག ཁོང་ཅག་གིས་སྒྲུབ་ཆེན་ཅི་ཙམ་རྒྱས་ན་དེ་ཙམ་བསྟན་པ་སྤྱི་ལ་ཕན་ཐོག་ཆེ་བའི་ངོས་འཛིན་བྱེད་ཀྱི་འདུག ཕུར་འཆམ་གྱི་ནང་དུ་འཆམ་སྣ་མང་འདུག་ཀྱང་། རྩ་འཆམ་དེ་ནི་བཀའ་མ་དང་གཏེར་མ་གཉིས་ཡོད་པ་ལས་ཁོང་ཅག་གི་ཕྱག་ལེན་ཁྲོད་དུ་ཡོད་པ་ནི་མཁྱེན་ཀོང་མཆོག་གསུམ་ནང་ཚན་གྱི་མཆོག་གླིང་གི་གཏེར་མའི་བརྒྱུད་པ་དེ་རེད་འདུག མཆོག་གླིང་ཁོང་རང་ལ་གུ་རུ་རིན་པོ་ཆེ་སྐུ་དངོས་ཀྱིས་ཕུར་པའི་འཆམ་དེ་འདྲ་རང་ཞིག་འཁྲབ་གནང་པའི་དག་སྣང་བྱུང་བ་ལས་གཏེར་མའི་འཆམ་གྱི་རྣམ་པ་འདི་ཐོག་མར་བྱུང་བར་བཤད།

མར་པ་ཆོས་ཀྱི་བློ་གྲོས།

མ་གཞི་མཆོག་གྱུར་གླིང་པ་ནི་འཆམ་ལ་ཨ་ཅང་མཉེས་པོ་དང་སྐུ་གཟུགས་ཀྱང་བདེ་མྱུར་འཛོམས་མཁན་ཞིག་ཡིན་པས། ཚོགས་འཁོར་བསྐོར་བ་དང་། བསང་གཏོང་པ། ཚོགས་འཚོགས་པ་གང་གི་སྐབས་ཡིན་ན་འདྲ་ཆོས་སྐོར་རེ་གྲུབ་རྗེས་ཁོང་རང་གིས་འཆམ་སྣ་རེ་འཁྲབ་སྲོལ་ཡོད་པ་དང་། གང་དུ་ཕེབས་ན་འཆམ་ཆས་དང་རྔ་སོགས་བསྣམས་ནས་ཕེབས་སྲོལ་ཡོད་པར་བཤད། དེ་ལྟར་དགོན་འདིའི་འཆམ་ལ་ནང་གསེས་རྩ་འཆམ་མམ་ཞྭ་ནག་གི་འཆམ། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། སྒོ་མ་བཞི། གསེར་སྐྱེམས། ཤ་གཡག་བཞི། བསྒྲལ་འཆམ། བཀའ་སྲུང་ཤ་ན། དགྲ་བགེགས་སྙིང་འབྱིན། ཚེ་རིང་དྲུག་སྐོར་སོགས་འདུག ཕུར་པའི་འཆམ་གྱི་རྩ་འཆམ་མམ་ཞྭ་ནག་གི་འཆམ་དེ་འཆམ་གྱི་ནང་ནས་དར་ཡང་སྔ་ཤོས་བརྩི་བ་དང་། བཤད་སྲོལ་གཞན་ལ་ཞྭ་ནག་གི་འཆམ་དེ་ལྷ་ལུང་དཔལ་རྡོར་གྱིས་བཙན་པོ་ཨུ་དམ་བཙན་བཀྲོངས་སྐབས་རྐང་ལག་ཇི་ལྟར་འགུལ་སྤྱོད་བྱས་པའི་རྣམ་འགྱུར་གཞིར་བྱས་ཐོག་བྱུང་བའི་བཤད་རྒྱུན་ཡང་མཆིས།

འཆམ་ཀྱི་སྐབས་སུ་དམིགས་རྣམ་དང་སྤྱོད་ལམ་ནི་གཞུང་ལུགས་རང་གི་བཤད་སྟངས་བྱས་ན་ཚད་མཐོན་པོའི་ལྟ་སྤྱོད་རང་ཞིག་དགོས་ཀྱི་ཡོད་ཀྱང་། བོད་ལ་སྲོལ་རྒྱུན་དང་རིག་གནས་ཀྱི་རྣམ་པའི་ཐོག་ནས་དར་ཞིང་གནས་ཡོད་སྟབས་ལག་ལེན་ནི་དེ་འདྲ་རང་ཞིག་མིན། རྙིང་མ་དང་། ས་སྐྱ། བཀའ་བརྒྱུད་བཅས་ཀྱི་རང་ལུགས་འཛིན་པའི་བོད་ཀྱི་ཆོས་བརྒྱུད་སོ་སོའི་ནང་ལ་འཆམ་གྱི་རིག་གནས་བྱུང་འཕེལ་དང་འབྲེལ་བའི་རིག་ཚན་ཧ་ཅང་རྒྱས་པ་དང་། དེའི་སྐོར་གྱི་དཔེ་ཆའང་མང་དུ་ཐོན་ཡོད་ཀྱང་ལོ་ཆེན་གྱི་འཆམ་ཡིག་ཀུན་བཟང་རོལ་བ། ཆེ་མཆོག་རོལ་པ་རྩལ་གྱི་བདེ་གཤེགས་བཀའ་བརྒྱུད་འདུས་པའི་འཆམ་ཡིག འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཕུར་པ་གནམ་ལྕགས་སྤུ་གྲིའི་སྨད་ལས་འཆམ་ཡིག་རྣམས་ད་ལོ་བཀླག་སྐལ་བྱུང་ཞིང་། གྲོགས་ལེགས་མཐོང་གིས་ཕུར་པའི་རྒྱུད་དང་འཆམ་གྱི་ངོ་སྤྲོད་བྱས་པ་བཅས་དང་འབྲེལ་ནས་ཕུར་འཆམ་གྱི་ཟིན་ཐོའི་ས་བུན་ཏལ་ཙམ་ཞིག་བྲིས།

རབ་གསལ།

འབྲས་ལྗོངས་ནི་བོད་ལྗོངས་གྲོ་མོ་རྫོང་གི་ནུབ་ངོས་དང་། སྒང་པ་རྫོང་གི་ལྷོ་ཕྱོགས། བལ་ཡུལ་གྱི་ཤར་སྣེ། རྒྱ་གར་གྱི་བྱང་རྒྱུད་བཅས་སུ་ཆགས་ཡོད། བཙན་པོའི་དུས་བོད་ཀྱི་རྒྱལ་ཁོངས་སུ་གཏོགས་པ་དང་། སིལ་བའི་དུས་ནས་རྒྱལ་ཕྲན་དུ་གྱེས་ཀྱང་བོད་ལ་ཆོས་སྲིད་ཀྱི་འབྲེལ་བ་ཆད་མྱོང་མེད་པ་ཉེ་རབ་ཀྱི་ཡིག་ཆ་ཁག་ནང་གསལ། ཕྱི་ལོ་༡༩༧༥ལོར་རྒྱ་གར་གྱིས་བཟུང་སྟེ་ད་ལྟ་རྒྱ་གར་གྱི་མངའ་སྡེ་ཉེར་གཉིས་པར་གྱུར་ཡོད།

མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་གདུང་རྟེན་མཆོད་རྟེན།

བོད་ཀྱི་ཡིག་ཚང་དུ་འབྲས་ལྗོངས་དང་། སྦས་ཡུལ་འབྲས་མོ་གཤོང་། མཁའ་སྤྱོད་འབྲས་མོ་ལྗོངས་སོགས་འབོད། གནའ་རབས་གཏེར་ཡིག་ཁག་ནང་ཡུལ་འདིའི་བྱུང་བ་དང་འབྲེལ་བའི་གཏམ་རྒྱུད་ཀྱི་སྒྲུང་མང་། བར་ལམ་བོད་ཀྱི་གཞུང་ཡིག་སོགས་ན་ཆོས་སྲིད་འབྲེལ་ལམ་ཟབ་པའི་ལོ་རྒྱུས་ཀྱི་ཆ་མང་མོད། རྒྱ་གར་པ་སོགས་ཀྱིས་ད་ལྟ་འབྲས་ལྗོངས་ལ་སིཀྐིམ་ཞེས་འབོད་པ་ཤུགས་རྐྱེན་ཆེ་ཞིང་། དེ་ནི་གནའ་བོའི་མི་རིགས་ལེབ་ཅའི་བརྡ་རྙིང་སུ་ཁིམ་ཞེས་པ་འགྱུར་བ་ལས་བྱུང་བ་དང་། ཁྱིམ་གསར་པ་ཞེས་པའི་དོན་ཡིན་པར་བཤད། གཞན་དུ་མིང་དེ་ལིམ་བུའི་མི་རིགས་ཀྱི་བརྡ་ཞིག་ཡིན་པར་བཤད་སྲོལ་མཆིས། ཕྱི་ལོ2011 ལོའི་མི་འབོར་རྩིས་ཐོའི་སྟེང་གསལ་བ་ལྟར་ན་འབྲས་ལྗོངས་ན་གནས་སྡོད་བྱེད་མཁན་སྤྱིའི་མི་འབོརནི6,10,577 ཡིན་པ་དང་། བལ་པོའི་མི་འབོར་62.6%། འབྲས་ལྗོངས་པ་7.6%། ཧིན་དྷི་པ6.6%ཡིན་འདུག

སྒང་ཐོག་འབྲས་གཞུང་དགོན་གྱི་འདུ་ཁང་།

འབྲས་ལྗོངས་ཀྱི་མི་རིགས་ནི་གཤིས་བཟང་ངག་འཇམ་དང་།  ཕྱག་དང་ཞེ་སར་མཁས་པ། ངོ་ཚ་ཆེ་ཞིང་ཧམ་སེམས་ཆུང་བ།  ཆོས་དད་དང་རྒྱུ་འབྲས་ཅན་ཞིག་ཡིན་པ་དང་། ཁོང་ཅག་གིས་དེ་ནི་ཨོ་རྒྱན་གུ་རུས་བྱིན་གྱིས་བརླབས་པ་ཞིག་ཡིན་པར་འདོད་ཀྱི་ཡོད་པ་རེད།  ད་ལྟ་འབྲས་ལྗོངས་པའི་ཚོང་ལས་དང་མཉམ་སྤྱོད་ལས་རིགས་ཁག་ནང་རང་སྐད་ལ་འཁོར་རྒྱུགས་མེད་པར་གྱུར་ནས་མི་ཚང་མས་བལ་པོའི་སྐད་བཤད་ཀྱི་འདུག  སྐད་ཡིག་ནི་སྤྱི་ཚོགས་འཁོར་བསྐྱོད་དང་འབྲེལ་བ་ཆད་ཚེ་ལར་ཞེན་གྱིས་སྐྱོབ་ཐུབ་པ་ཞིག་མ་རེད།  འབྲས་ལྗོངས་པ་ཕལ་མོ་ཆེས་འབྲས་ལྗོངས་ཀྱི་སྐད་ཤེས་ལ།  ཕར་བོད་སྐད་བཤད་པའང་ཏག་ཏག་གོ་མོད་སྐད་ཡིག་ཁྲོམ་ར་དང་བྲལ་བས་རང་བཞིན་གྱིས་ཉམས་ཞན་དུ་གྱུར་འདུག   དུས་ཆེན་ཁག་ལ་ཕྱུ་པ་གྱོན་པ་དང་། མཆོད་མཇལ་འགྲོ་བ།  ལྷ་གསོལ་བྱེད་པ་སོགས་འབྲས་ལྗོངས་ཀྱི་སྲོལ་ལུགས་ཤིག་བྱེད་ཀྱི་ཡོད་ཀྱང་མི་གྲངས་བརྒྱ་ཆ་བདུན་ཅུ་ཡས་མས་མི་རིགས་གཞན་གྱིས་ཟིན་པས། ཁོ་ཚོ་རང་ས་ནས་གྲངས་ཉུང་མི་རིགས་སུ་གྱུར་ཟིན།  འབྲས་ལྗོངས་ན་སྐད་ཡིག་དང་རིག་གཞུང་གི་ཁོར་ཡུག་རེ་བ་ཅན་ཞིག་ཡོད་པ་ནི་གནའ་དང་དེང་གི་དགོན་སྡེ་བརྒྱ་ཕྲག་ལྷག་ཡོད་པ་དེ་དག་རེད།  

ཕོ་བྲང་རབ་བརྟན་རྩེའི་རྗེས་ཤུལ།

ཟླ་དེའི་ཚེས་བཞིན་ཉིན་ངེད་གཉིས་སྔ་ཙམ་ནས་པདྨ་ཡང་རྩེ་དགོན་དང་ཕོ་བྲང་རབ་བརྟན་རྩེ་མཇལ་བར་བསྐྱོད། རླངས་འཁོར་ལས་བབས་ཏེ་ནགས་ཀློང་གི་ཁེར་ལམ་བརྒྱུད་ནས་སྐར་མ་བཅུ་ལྷག་སོང་རྗེས་རབ་བརྟན་རྩེའི་མཁར་ཤུལ་ལ་འབྱོར།  རབ་བརྟན་རྩེ་ནི་ཆོས་རྒྱལ་དང་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་གསར་སྐྲུན་གྱི་རྨང་བཙུགས་ཤིང་། ཕྱི་ལོ་1670ལོར་བསྟན་སྲུང་རྣམ་རྒྱལ་གྱིས་གསར་བཞེངས་མཇུག་གྲུབ་པར་བྱས། 1700ལོར་ཕྱག་རྡོར་རྣམ་རྒྱལ་གྱིས་འཛིན་སྐྱོང་སྐབས་འབྲུག་དམག་གིས་གཞུང་འཛིན་སའང་བྱས་པ་དང་། 1717ལོར་འགྱུར་མེད་རྣམ་རྒྱལ་གྱིས་ཕོ་བྲང་པོ་ཏ་ལའི་འཆར་དབྱིབས་ཅན་དུ་བཞེངས་པའི་སྟ་གོན་བྱས་པར་གསལ། ད་ལྟ་ལོ་རྒྱུས་ཀྱི་བདེན་རྟགས་ཙམ་དུ་ཕོ་བྲང་གི་ཤུལ་ཙམ་མཆིས། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་གནས་འདི་ཡི་ལུང་བསྟན་ཚིགས་བཅད་དུ། གནས་ཀུན་རྩེ་མོར་གྱུར་བའི་མཆོག། བྲག་དཀར་བཀྲ་ཤིས་སྡིངས་ཉིད་ནས།།ནུབ་ཕྱོགས་པད་འདབས་གཉིས་པ་ལ།། བྲག་སྒང་གི་སྦུར་བ་གསུམ་པའི་སྟེང་།། ཀླུ་དགའ་བོ་འཇོག་པོའི་གཙུག་རིམ་དུ།། དཔལ་བཀྲ་ཤིས་མི་འགྱུར་རབ་བརྟན་རྩེར།། མགོན་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་གདབ།།”ཅེས་པ་བཞིན་འབྲས་ལྗོངས་ནུབ་ཕྱོགས་ཀྱི་པདྨ་ཡང་རྩེ་དགོན་པའི་ཉེ་འགྲམ་དུ་འདུག  ཕོ་བྲང་ནང་གསེས་ལ་གཟིམ་ཆུང་བཀྲ་ཤིས་དཔལ་རྒྱས།  བཀའ་འགྱུར་ལྷ་ཁང་།  གཟིམ་ཆུང་ཉི་འོད་ཁང་ཞེས་པ་སོགས་ཡོད་པར་གསལ།

གསང་ཆེན་པདྨ་ཡང་རྩེ་དགོན་གྱི་འདུ་ཁང་།

བོད་དང་སྲིད་ཕྱོགས་ཀྱི་འབྲེལ་ཆེ་དུས་ཤིག་ནི་དགའ་ལྡན་ཕོ་བྲང་གི་སྐབས་ཡིན་པར་བཤད། ཕྱི་ལོ1646ལོར་ཀོང་པོ་ལྷ་བཙུན་ནམ་མཁའ་འཇིགས་མེད་འབྲས་ལྗོངས་སུ་ཕེབས་ནས་ཕུན་ཚོགས་རྣམ་རྒྱལ་ཆོས་བདག་གམ་ཆོས་ཀྱི་རྒྱལ་པོ་དང་པོ་རུ་དབང་བསྐུར་ཞིང་དེ་ནས་འབྲས་ལྗོངས་རྒྱལ་རབས་ཀྱི་དབུ་ཚུགས་པ་སོགས་ཕྱི་ལོའི་1966ལོའི་འབྲས་ལྗོངས་བྱ་མ་རྟ་ཞེས་པའི་འབྲས་ལྗོངས་ཀྱི་བོད་ཡིག་ཚགས་པར་སྟེང་འཁོད།  ཕུན་ཚོགས་རྣམ་རྒྱལ་གྱིས་ལྷོ་མོན་རྣམས་ལ་དབང་བསྒྱུར་བྱས་ཤིང་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་ཏེ།  སྒང་ཏོག་འབྲས་ལྗོངས་ཀྱི་ཐོག་མའི་རྒྱལ་སར་གཏན་ཁེལ་བྱས། འབྲས་ལྗོངས་རྒྱལ་རབས་ཚུགས་པ་དང་བོད་གཞུང་དགའ་ལྡན་ཕོ་བྲང་དབུས་བརྙེས་པ་དུས་མཉམ་བྱུང་།  ལྷ་བཙུན་གྱིས་དགོངས་གཏེར་རིག་འཛིན་སྲོག་སྒྲུབ་ཀྱི་ཕྱག་དཔེ་རྒྱལ་དབང་ལྔ་པ་ཆེན་པོར་དཔར་ཕུད་དུ་ཕུལ་ཞོར།  ཕུན་ཚོག་རྣམ་རྒྱལ་ལགས་སྦས་ཡུལ་འདིའི་ཆོས་བདག་ཏུ་ཡོང་བའི་སྐྱབས་འཇུག་ཞུས། ལྔ་པ་ཆེན་པོས་དེ་བཞིན་ཐུགས་མོས་གནང་ཐོག་ཆོས་ཀྱི་རྒྱལ་པོར་ངོས་འཛིན་ཡོད་པའི་བཀའ་ཤོག་དང་གནང་སྐྱེས་རིན་ཐང་ཆེ་བ་སྐོར་ཞིག་བསྩལ།  གནས་ཚུལ་འདི་ནི་ལྔ་པ་ཆེན་པོས་མཛད་པའི་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་ཐེག་མཆོག་བསྟན་པའི་ཤིང་རྟ་རུ་གསལ་བར་འཁོད།

ལྷ་བཙུན་ནམ་མཁའ་འཇིགས་མེད།

ཕྱི་ལོ1670ལོར་ཕུན་ཚོགས་རྣམ་རྒྱལ་གྱི་བུ་བསྟན་སྲུང་རྣམ་རྒྱལ་འབྲས་ལྗོངས་ཀྱི་རྒྱལ་རྒྱལ་སར་འཁོད་ཅིང་ལྔ་པ་ཆེན་པོ་མཇལ་བར་ལྷ་སར་བསྐྱོད།  སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དྲུང་ནས་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གསན་བསམ་དང་སློབ་སྟོན་ཞུས།  ཚུལ་དེ་འབྲས་ལྗོངས་རྒྱལ་པོ་མཐུ་སྟོབས་རྣམ་རྒྱལ་དང་རྒྱལ་མོ་ཡེ་ཤེས་སྒྲོལ་མས་བརྩམས་པའི་འབྲས་ལྗོངས་རྒྱལ་རབ་ཏུ་འཁོད།

ཆོས་རྒྱལ་དང་པོ་ཕུན་ཚོགས་རྣམ་རྒྱལ།


ཕྱི་ལོ1700ལོར་ཕྱག་རྡོར་རྣམ་རྒྱལ་འབྲས་ལྗོངས་ཀྱི་རྒྱལ་སར་འཁོད།  འབྲུག་དམག་གི་འཇིགས་པས་བོད་དབུས་ལ་ཉེན་གཡོལ་དུ་བསྐྱོད།  རྒྱལ་པ་ཚངས་དབྱངས་རྒྱ་མཚོར་མཇལ་ཏེ་སྲུང་སྐྱོབ་ཡོང་བའི་སྐྱབས་མཇུག་ཞུས། ལྷ་སའི་རྩིས་ཁང་དུ་སློབ་གཉེར་བྱས། ལྷ་ས་ནས་ལོ་མང་བཞུགས།  ཚངས་དབྱངས་རྒྱ་མཚོས་གཟིགས་སྐྱོང་ཆེན་པོའི་འོག་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྩིས་དཔོན་དུ་བསྐོས།   ཐའི་ཇི་ཞེས་པའི་གོ་གནས་ཀྱི་ཆོ་ལོ་དང་།  པད་རྡེ་རྫོང་། སྣ་དཀར་རྩེ་རྫོང་། གཏིང་སྐྱེས་རྫོང་།  རྒྱལ་མཁར་ནང་པ་སོགས་མངའ་རིས་སུ་བསྩལ་གནང་མཛད། ཕྱི་ལོ1704ལོར་འབྲུག་དམག་དང་བར་འདུམ་གྲོས་ཆོད་བྱུང་ནས་འབྲས་ལྗོངས་རྒྱལ་སྲས་ཕྱིར་ཕེབས་ཤིང་།   ཚངས་དབྱངས་རྒྱ་མཚོས་ལམ་གྱི་རྫོངས་སྐལ་བསྩལ། ཕྱིར་འབྱོར་ནས་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གཞིར་བཞག་གིས་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་བསྐྱངས་པ་སོགས་གནས་ཚུལ་རྣམས་རིམ་བཞིན་གཏེང་སྐྱེས་ཆོས་དབང་གི་འབྲས་ལྗོངས་རྒྱལ་རབས་དང་། དྲུག་པའི་རྣམ་ཐར་རབ་གསལ་གསེར་གྱི་སྙེ་མ་རུ་འཁོད། 

ཀརྨ་ར་ལང་དགོན་གྱི་སྒོ་ལུང་།

ཕྱི་ལོ་1790ལོར་འབྲས་ལྗོངས་ལ་གོར་ཥས་བཙན་འཛུལ་བྱས།  འབྲས་ལྗོངས་ཆོས་རྒྱལ་དྲུག་པ་བསྟན་འཛིན་རྣམ་རྒྱལ་དགའ་ལྡན་ཕོ་བྲང་ལ་རེ་བཅོལ་ཞུ་བར་བོད་དུ་འབྱོར།  བོད་གཞུང་གིས་ཕག་རིའི་རྫོང་སྡོད་ཀྱི་མགོ་དཔོན་མངགས་ནས་བར་འདུམ་ཡོང་ཐབས་བྱས། 1793ལོར་ཆོས་རྒྱལ་བསྟན་འཛིན་རྣམ་རྒྱལ་ལྷ་ས་རུ་འདས། 

སྒང་ཏོག་རྣམ་རྒྱལ་ཤེས་རིག་དཔེ་ཁང་།

འབྲས་ལྗོངས་ཆོས་རྒྱལ་གཞན་དག་དང་རྒྱལ་བ་སྐུ་ཕྲེང་བདུན་པ་དང་བརྒྱད་པ།  དགུ་པ། བཅུ་པ་རྣམས་བཅས་ཀྱི་བར་ཆོས་སྲིད་ཀྱི་འབྲེལ་ལམ་ཅི་བྱུང་སྐོར་བདུན་པའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ་དང་། འབྲས་ལྗོངས་རྒྱལ་རབས་བདེན་དོན་ཀུན་གསལ་མེ་ལོང་། དགུ་པའི་རྣམ་ཐར་དད་པའི་ཡིད་འཕྲོག  བཅུ་པའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བ་སོགས་སུ་གསལ། 

སྒང་ཏོག་འབྲས་གཞུང་སློབ་གྲྭའི་ཟུར་ཞིག

ཕྱི་ལོ་1882ཆོས་རྒྱལ་དགུ་བ་མཐུ་སྟོབས་རྣམ་རྒྱལ་གྱིས་ལྷ་ས་ནས་གཟིམ་ཤག་ལྷ་སྡིངས་ཀྱི་སྲས་མོ་ཡེ་ཤེས་སྒྲོལ་མ་རྒྱལ་མོར་བསུས།   1883ལོར་ཆོས་རྒྱལ་མཐུ་སྟོབས་རྣམ་རྒྱལ་དང་རྒྱལ་མོ་ཡེ་ཤེས་སྒྲོལ་མ་གཉིས་བོད་དུ་འབྱོར་ནས་རྒྱལ་དབང་བཅུ་གསུམ་པ་དང་བཀའ་ཤག་ལྷན་རྒྱས་མཇལ། བཀའ་ཤག་ལ་དབྱིན་གཞུང་ནས་འབྲས་ལྗོངས་སུ་ཉེན་ཁ་བཟོ་དོགས་ཡོད་ཚུལ་དང་། བོད་འབྲས་བསྟན་སྲིད་གཅིག་གྱུར་དགོངས་ཐོག་བོད་གཞུང་གིས་འབྲས་ལྗོངས་ལ་རྒྱབ་སྐྱོར་དང་འགོ་འདྲེན་སྔར་བཞིན་ཡོང་བར་ཞུས་ཏེ་ཕྱིར་ཕེབས་གནང་ཚུལ་སོགས་ཀྱི་སྐོར་བཅུ་གསུམ་པའི་རྣམ་ཐར་ངོ་མཚར་རིན་པོ་ཆེའི་ཕྲེང་བ་རུ་གསལ།  

ལྷོ་ཕྱོགས་རང་དབང་ལའི་ཉེ་འགྲམ་དུ་བཞེངས་པའི་སངས་རྒྱས་ཀྱི་སྐུ་བརྙན།

འབྲས་ལྗོངས་ལ་གཞན་ཕྱོགས་ཀྱི་དཀའ་ངལ་ནམ་བྱུང་རྒྱབ་སྐྱོབ་དང་དཔུང་གཉེན་ནི་བོད་གཞུང་ཡིན་པ་དང་།    འབྲས་ལྗོངས་ནང་གི་ཆབ་སྲིད་དང་ཁྲིམས་སྲོལ་ཕལ་ཆེ་བ་བོད་གཞུང་གི་ལམ་ལུགས་ཇི་བཞིན་དང་།  གནད་དོན་གལ་ཆེའི་རིགས་བོད་གཞུང་ལ་ལམ་སྟོན་ཞུ་བའི་འོག་ཐད་གཅོད་གནང་གིན་ཡོད་འདུག  འབྲས་ལྗོངས་ཆོས་རྒྱལ་དག་ནི་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་།  དཔལ་རྒྱལ་དབང་ཀརྨ་པ་སོགས་ལ་དད་འདུན་རྩེ་གཅིག་དང་བློ་རྩེ་གཏད་རྐྱང་ཡིན་པ་ཉེ་རབས་ལོ་རྒྱུས་ཀྱི་ཡིག་ཆ་དག་ན་ཨ་ཅང་གསལ། 

སྒང་ཏོག་གི་འབྲས་གཞུང་གྲོས་ཚོགས་ཁང་།

ཆོས་རྒྱལ་མཐུ་སྟོབས་རྣམ་རྒྱལ་དབྱིན་གཞུང་གི་བཀས་བཀོད་འོག་ཡུན་རིང་རྒྱལ་བ་བཅུ་གསུམ་པར་མཇལ་བཅར་མ་ཐུབ་པར་ལུས། རྗེས་རྡོ་རྗེ་གླིང་ནས་དངོས་མཇལ་བྱུང་དུས་མཐུ་སྟོབས་རྣམ་རྒྱལ་གྱི་གདུང་བ་དང་དད་འདུན་གྱི་རྣམ་པ་གང་འདྲ་ཞིག་ཡིན་པ་བཅུ་གསུམ་པའི་རྣམ་ཐར་ངོ་མཚར་རིན་པོ་ཆེའི་ཕྲེང་པ་རུ་འདི་ལྟར་བྲིས་ཡོད་དེ།  ‘ཞལ་གྱི་དཀྱིལ་འཁོར་མཇལ་ཙམ་ནས་དགའ་དད་ཀྱི་རླུང་དྲག་ཏུ་གཡོས་པས་ལུས་ཀྱི་འཁྲི་ཤིང་ཚུགས་མ་ཐུབ་པར་འདར་ཞིང་།  མཆི་མའི་ཐིགས་ཕྲེང་དོ་ཤལ་ཆད་པ་ལྟར་ལྷུང་པ་དང་།  མགྲིན་པའི་རྐང་དྲུག་སྦྲང་རྩིས་བརྣངས་པས་ཞུ་དོན་གྱི་གླུ་དབྱངས་མ་ཁྲོལ་བར་དར་ཅིག་རི་མོའི་གཟུགས་བཞིན་ལུས།  དེ་ནས་དྲན་པའི་འདུ་ཤེས་ཐོབ་སྟེ་དངོས་འབུལ་མི་ཉུང་བ་སྤྱན་ལམ་དུ་ཕབ་པ་དང་བཅས་འདི་དང་ཕྱི་མའི་རེ་དོན་མང་པོ་ཞིག་ངག་ལམ་ནས་ངུ་དབྱངས་ཀྱིས་སྙན་ལམ་དུ་མཚོན་པར་བྱས་པ་ལས།  ཚད་མེད་པའི་ཐུགས་རྗེས་ཉེ་བར་དགོངས་ཏེ་ཞལ་བཞེས་ཀྱང་ཡང་དག་པར་བསྩལ་ཏོ་„ཞེས་པའོ།། 

རུམ་བཏེག་དགོན་གྱི་རྡོ་རིང་།

དུས་རབས་བཅོ་བརྒྱད་པའི་དུས་མགོར་རྒྱལ་དབང་ཀརྨ་པ་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་དང་འབྲས་ལྗོངས་ཆོས་རྒྱལ་བཞི་པ་འགྱུར་མེད་རྣམ་རྒྱལ་མཆོད་ཡོན་གྱི་འབྲེལ་བ་བྱུང་།  སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་རང་ལུགས་འཛིན་པའི་ར་ལང་ཀརྨ་རབ་བརྟན་གླིང་།  ཕོ་གདོང་ཀརྨ་བཀྲ་ཤིས་གླིང་།  རུམ་བཏེག་ཀརྨ་ཆོས་འཁོར་གླིང་གསུམ་ཕྱག་བཏབ།  འགྱུར་མེད་རྣམ་རྒྱལ་གྱིས་ར་ལང་དགོན་གསར་བཞེངས་མཛད་སྒོར་ཀརྨ་པ་ཕེབས་ཐུབ་པའི་རེ་ཞུས་ཕུལ་ཀྱང་དངོས་སུ་བྱོན་མ་ཐུབ། ཀརྨ་པ་མཆོག་གིས་རབ་གནས་ཀྱི་མཛད་སྒོ་མཚུར་ཕུ་ནས་བྱས་ཆོག་གསུངས་དོན་བཞིན་མཚུར་ཕུ་ནས་གཏོར་བའི་མཆོད་འབྲུ་རྣམས་ར་ལང་དགོན་གྱི་འདུ་ཁང་ཡང་སྟེང་དུ་འཐོར་བ་རྒྱལ་འབངས་རྣམས་ཀྱི་གཟིགས་སྣང་ལ་དངོས་སུ་བྱུང་བའི་གཏམ་རྒྱུད་ཅིག་ཀྱང་མཆིས།

ཀརྨ་པ་རིག་པའི་རྡོ་རྗེའི་དབྱར་གྱི་གསོལ་ཐབ་ཁང་།

1948ལོར་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་འབྲས་ལྗོངས་སུ་དང་པོ་ཕེབས།  རིམ་བཞིན་འབྲས་ལྗོངས་སུ་བླ་མེད་མཛད་པའི་འཕྲིན་ལས་བསྐྱངས།  ཕྱིས་སུ་མཁྱེན་བརྩེ་རིག་པའི་རྡོ་རྗེ། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།   ས་སྐྱའི་བདག་ཆེན་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་རྣམ་པས་འབྲས་ལྗོངས་སུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས།  འབྲས་ལྗོངས་དགོན་སྡེའི་ལོ་རྒྱུས་ཆུ་སྐྱེས་བུང་བའི་རོལ་མཚོའི་ནང་དགོན་ཆེན་ལྔ་དང་དགོན་ཆུང་བཅོ་ལྔ་ཞེས་འཁོད་ཀྱང་འབྲས་ལྗོངས་སུ་ཆགས་སྔ་ཤོས་དགོན་ཐོ་ཙམ་ཡིན་པ་ལས་ད་སྐབས་དཔལ་རྙིང་མ་དང་། རྒྱལ་པ་བཀའ་བརྒྱུད་པ་གཉིས་གཙོ་བྱས་པའི་ཆོས་རྒྱུད་སོ་སོའི་རང་ལུགས་འཛིན་པའི་དགོན་སྡེ་ཆེ་ཆུང་བརྒྱ་ལྷག་མཆིས།

ར་ལང་ཀརྨ་དགོན་གསར་རྙིང་གཉིས་དང་།  བྲག་དཀར་བཀྲ་ཤིས་སྡིངས།   གསང་ཆེན་པད་མ་ཡང་རྩེ། རུམ་བཏེག་ཆོས་འཁོར་གླིང་སོགས་འབྲས་ལྗོངས་ཀྱི་དགོན་གསར་རྙིང་མང་པོར་མཇལ་དུས། ངེད་གཉིས་ཆེས་ངོ་མཚར་སྐྱེ་ས་ནི་གསང་སྔགས་ཀྱི་ལྷ་ཡི་སྣང་བརྙན་བྲིས་པའི་ལྡེབས་རིས་དག་ཡིན།   དེ་དག་ལ་བོད་ཀྱི་གནའ་བོའི་རི་མོའི་ནང་གི་འཆར་ཡན་གྱི་ནུས་པ་དང་།    དངོས་བརྒལ་གྱི་གཟུགས་སྣང་། གསང་བའི་མཚོན་ཐབས་ཀྱི་ཆ་སོགས་འདུས་ཡོད་པར་སྙམ། དཔེར་མཚོན་དུ་བཤད་ན་རུམ་བཏེག་དགོན་གྱི་ལྡེབས་རིས་ཁྲོད་ཀྱི་པི་ཝང་དཀྲོལ་བའི་རྟ་མགོ་ཅན་གྱི་སྣང་བརྙན་ལྟ་བུ་རེད། ཡིན་རྒྱུ་དེ་ནི་དྲི་ཟའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་ཞེས་པའི་མཚོན་དོན་གྱི་རི་མོ་ཡིན་པར་བཤད།  རེད་དེ་རི་མོ་དེ་ནི་མི་སྒེར་ཞིག་གིས་རང་བཟོ་ཙམ་མིན་པར།  མཚོན་དོན་དང་དམིགས་ཡུལ་ངེས་ཅན་ཡོད་པའི་བོད་ཀྱི་རི་མོའི་ལམ་ལུགས་ནས་བྱུང་བ་ཞིག་ཡིན་པར་ཁ་ཚོད་གཅོད་ཆོག་ལ། མངོན་སུམ་ལས་འདས་ཤིང་མཚར་སྣང་གི་ངོས་མང་པའི་རི་མོ་དེའི་ནང་དོན་ནི་དངོས་གནས་ཅི་འདྲ་ཞིག་ཡིན་ནམ། དེ་ལྟ་བུའི་སྣང་བརྙན་བརྒྱུད་དེ་བོད་ཀྱི་རི་མོའི་ལྐོག་གྱུར་གྱི་མཚོན་དོན་དང་། གསང་བའི་ཐབས་རྩལ་གྱི་ལམ་ལ་བསྙེག་ཆོག་པ་ཞིག་ཨེ་ཡིན་ནམ།

དྲི་ཟའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན།

བསྟན་པ་སྔ་དར་དུས་སུ་ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་།   ཁྲི་སྲོང་ལྡེ་བཙན། ཡེ་ཤེས་མཚོ་རྒྱལ་སོགས་རྗེ་འབངས་མང་པོ་ཞབས་ཀྱིས་བཅགས་ཏེ། སྒྲུབ་གནས་བྱིན་གྱིས་བརླབས་པ། བཀའ་ཆོས་གཏེར་ཏུ་སྦས་པ་སོགས་ངོ་མཚར་གྱི་གཏམ་མང་ཞིང་།  དུས་རབས་བཅོ་བདུན་པའི་ནང་རིག་འཛིན་རྒོད་ལྡེམ་སོགས་བྱོན་ནས་གནས་སྒོ་ཕྱེས་པར་གྲགས།  ཕྱིས་སུ་རྣལ་འབྱོར་མཆེད་བཞི་ཡུག་སམ་ནོར་བུ་སྒང་དུ་ཞལ་འཛོམས་པ་ནས་རིམ་གྱིས་སྔ་འགྱུར་རྙིང་མའི་བསྟན་པ་འཕེལ་རྒྱས་བྱུང་། དུས་རབསས་བཅོ་བརྒྱད་པའི་སྟོད་ནས་བཀའ་བརྒྱུད་པའི་རང་ལུགས་འཛིན་པའི་སྡེ་དང་ཆོས་གཞིས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་།  ད་ལྟའི་འབྲས་ལྗོངས་ནི་བལ་པོའི་མི་རིགས་ཀྱི་ལུང་པ་ཞིག་ཏུ་གྱུར་ཟིན་ཞིང་།  སྲོལ་དང་འགྲོ་ལུགས་མང་པོ་ཞིག་ངག་རྒྱུན་ཙམ་དུ་གྱུར་འདུག  

མཐའ་མཚམས་ཀྱི་ཁྱིམ་ཚང་།

ཉིན་མཐའ་མར་ཐོན་དུས་ངེད་གཉིས་འབྲས་ལྗོངས་ཀྱི་ཤར་མཐའི་ཕྱོགས་སུ་བསྐྱོད། མཚོ་མགོ་ལ་ཞེས་པའི་ས་ཆར་ཐོན་དུས་གྲང་ངར་གང་འཚམས་ཆེ་ལ། རི་རྩེ་ཕལ་ཆེར་བ་ཁ་བས་གཡོགས་འདུག བོད་ཀྱི་ཁྱིམ་ཚང་དཀྱུས་མ་དག་དང་འདྲ་བའི་འཚོ་བའི་བརྙན་རིས་མང་པོ་ཞིག་ཀྱང་མིག་ལམ་དུ་མངོན་ཡོང་། ད་ཐེངས་ལ་ཆེན་ལ་ཆུང་དང་། རྣ་ཐུད་ལ་སོགས་སུ་བསྐྱོད་ཐུབ་མ་བྱུང་ཡང་། འབྲས་ལྗོངས་ཀྱི་རི་ཆུའི་མཛེས་སྡུག་དང་། ཡུལ་མིའི་རང་བཞིན། འཚོ་བའི་གཤིས་ལུགས་སོགས་རགས་ཙམ་ཞིག་ཡིད་ཀྱི་བརྙན་རིས་སུ་ཕབ་ཡོད།



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།