ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་ཡོལ་མོ་ལུང་པ།

72238

བཅར་འདྲི་བྱ་ཡུལ། ཡོལ་མོ་ཆུ་མིག་ཡུལ་ཚོའི་སློབ་དཔོན་སྲིད་ཐར་རྒྱལ་མཚན།
                    བཅར་འདྲི་བྱེད་མཁན། ཙོང་ཁ་ཚེ་བརྟན་རྒྱལ།

        སློབ་ཆེན་གྱི་སློབ་དཔོན་དམ་པ་ཆབ་འགག་སྟོབས་ལྡན་མཆོག་གི་ངག་ལས་(སྤྲ་སྤྲེའུས་རྩེད་མོ་རྩེ་བའི་ས།། བྱ་སྐད་སྣ་ཚོགས་སྒྲོག་པའི་ས།། བུང་བ་ལང་ལིང་འཕུར་བའི་ས།། ཉིན་མཚན་མེད་པར་འཇའ་རིས་འཁྱུག)ཅེས་རྗེ་མི་ལའི་མགུར་གླུ་སྙན་མོ་ཞིག་རྒན་ལགས་ཀྱིས་ངོ་སྤྲོད་བྱས་པ་ཁོ་བོའི་དྲན་ངོགས་ན་ལྷག་པ་ཙམ་ལས། རྗེ་མི་ལ་མཆོག་གིས་གནས་གང་ནས་མགུར་གླུ་དེ་བཞེངས་པའི་སྐོར་གསལ་ཆ་ཅི་ཡང་མེད་པ་ཞུ་མི་དགོས་ནའང་། ཧི་མ་ལ་ཡའི་རི་རྒྱུད་ན་གནས་པའི་བོད་རིགས་ཡུལ་ལུང་ཁག་གི་ལོ་རྒྱུས་ལ་རང་ཚོད་ཀྱིས་དོ་སྣང་དང་སློབ་གཉེར་བྱས་པ་བརྒྱུད་ནས་ཡོལ་མོ་གངས་ཀྱི་ར་བའི་གནས་ཡིག་དང་རྗེ་མི་ལའི་མགུར་འབུམ(སྟག་ཕུག་སེང་གེ་རྫོང)དེ་མིན་ཞ་དམར་སྐུ་ཕྲེང་བརྒྱད་པ་(ཀརྨ་བཀའ་བརྒྱུད)དཔལ་ཆེན་ཆོས་ཀྱི་དོན་གྲུབ་དང་ཡོལ་མོ་ཤཱཀྱ་བཟང་པོ་སོགས་གནས་མ་འདྲ་བའམ་མི་སྣ་དམིགས་བསལ་ཅན་བྱུང་མྱོང་པ་ཡོངས་གྲགས་ཡིན་ན། སྔ་མོར་ཡུལ་འདི་བོད་ཡུལ་སྟོད་སྨད་བར་གསུམ་གང་རུང་ལ་ཆོས་སྲིད་ཀྱི་འབྲེལ་ཚུལ་ཟ་ཟི་ཞིག་མ་གཏོགས་གོ་མྱོང་མེད་པ་ལྟར། དོལ་པོ་ཀ་རིང་ཡུལ་གྱི་དགེ་རྒན་ལྷག་བསམ་ཅན་པདྨ་དགོས་འབྱོར་ལ་ནན་གྱིས་རེ་བཅོལ་བྱས་པ་ལ་དོན་སྨིན་བྱུང་ནས་སྔ་འགྱུར་རྙིང་མའི་གདན་ས་(དཔལ་ཡུལ་ལམ་རྣམ་གྲོལ་གླིང)རུ་བཞུགས་པའི་ཡོལ་མོ་ཆུ་མིག་ཡུལ་ཚོའི་སློབ་དཔོན་སྲིད་ཐར་རྒྱལ་མཚན་ལགས་ལ་ཡོལ་མོ་ལུང་པའི་སྐོར་བཀའ་འདྲི་བྱེད་རྒྱུ་གོ་སྐབས་བྱུང་བ་ཐུགས་རྗེ་ཆེ་གྲངས་མེད་ཞུ།

       ཡོལ་མོ་ལུང་པ་ནི་ད་ལྟའི་ཆར་བལ་ཡུལ་རྒྱལ་ཁབ་མངའ་སྡེ་བདུན་དུ་བགོས་པའི་ནང་ནས་མངའ་སྡེ་གསུམ་པའི་ནང་དུ་ཚུད་པ་དང་། སིནྡྷུ་པལ་ཅོཀ། (Sinhupalchok) རྫོང་གི་མངའ་འོག་ཏུ་གནས་ཡོད། དེ་བཞིན་ ནུ་ཝ་ཀོཊ།( Nuwakot) ཅིཏ་ཝན། (Chitwan)ར་མེ་ཆཔ། (Ramechhap) པོཀ་ར། (Pohkra)ཨི་ལམ། ( Ilam) རྣམས་སུ་ཡོལ་མོ་བ་གང་འཚམས་ཡོད་པ་དང་། རྒྱ་གར་ནུ་ཨ་སམ་དང་། འབྲས་ལྗོངས། རྡོ་རྗེ་གླིང་སོགས་ན་ཡོལ་མོ་བ་མི་ཚང་ཏོག་ཙམ་ཡོད་ཚོད་འདུག

      ཡོལ་མོའི་ས་ཆ་ནི་བལ་ཡུལ་གྱི་བྱང་ཕྱོགས། བལ་བོད་ཀྱི་ས་མཚམས་(སྐྱིད་རོང)དང་ཉེ་བར་གནས་ཡོད་པ་དང་། དེ་ལ་ཡུལ་ལུང་སྒོ་ནས་ཕྱེ་ན། 1རྨི་ལིམ་ཆིམ། 2གནས་སྡིངས། 3ན་ཀོ་ཏེ། 4སྒྲུབ་པའི་གྲོང་། 5སླང་ར་རྒྱལ་ས། 6ཙུ་ཊི་དགོན། 7གདན་ཐང་། 8སྒོ་བ་སྒང་།9 སྣང་སྐྱིད་སྒང་། 10རྒོད་ཚང་གླིང་། 11སྟག་ཕུག་སེང་གེ་རྫོང་། 12སྒང་ཡུལ། 13ཆུ་མིག 14གཤམ་གྱར། 15སེར་མ་ཐང་། 16ཞིང་ཀུན་ཆེ། 17ལྷ་ཁང་། 18བྷ་ཁང་། 19བཏབ་མཁར་སྒ། 20བཀའ་བཞེས། 21དཔལ་ཚོགས་སྒང་། 22ཏིམ་བུ། 23ཕུང་པོ་ཆེ། 24རྟར་གདོང་། 25འབྲས་མང་། 26མཇལ་ས། 27མན་ཇ། 28ཐལ་ལོ། 29རྒྱལ་དར། 30 གནས་ས་ཞིང་། 31དུར་ས་སྒང་། 32ཁ་གསེར། 33 ཛ་དན། 34དུང་བརྟན་པ། 35བསྟན་རྒྱས་གླིང་། 36དག་པ་མཁར་ཀ། 37 ཉི་མ་མགྲོན་པོ། 38རི་བར་མ།39 སྟག་འཁོར། 40ན་ལུང་མཁར་ཀ་སོགས་མང་དུ་ཡོད་པ་དང་། འཚོ་བ་གཙོ་བོ་སོ་ནམ་ལ་བརྟེན་ཞིང་སྐད་ཡིག་ཀྱང་ཡོལ་མའི་སྐད་ཅེས་གནའ་བོའི་བོད་སྐད་ར་བཏགས་སོགས་ཀྱི་སྒྲ་གདངས་མ་ཉམས་པ་འགའ་ཞིག་རྒན་རབས་ཚོའི་ངག་ཏུ་ལྷག་ཡོད་པ་དང་། དམངས་ཁྲོད་རིག་གནས་ཀྱི་གླུ་ཚིག་ཕལ་ཆེ་བ་ཆོས་ཚིག་དང་འབྲེལ་བ་ཤ་སྟག་ཡིན་པ་རེད།

     ཡོལ་མོ་ནི་ཐུབ་པའི་དབང་པོས་མདོ་ཕལ་པོ་ཆེ་ནས་ལུང་བསྟན་ཅིང་གུ་རུ་པདྨས་བྱིན་གྱིས་བརླབས་ཏེ། སྦས་པདྨའི་ཚལ་གྱི་ལམ་ཡིག ཡོལ་མོ་གངས་ཀྱི་ར་བའི་གནད་ཡིག ཡོལ་མོའི་སྙིང་བྱང་། ཡོལ་མོ་གངས་ཀྱི་ར་བའི་གནད་བྱང་། ཡོལ་མོ་གངས་ཀྱི་ར་བའི་ལུང་བྱང་སོགས་སུ་ཡུལ་འདིའི་བཀོད་པ་དང་ཆེ་བ་སོགས་གསལ་བ་ཕྱིས་སུ་རིག་འཛིན་རྒོད་ལྡེམ་གྱིས་གཏེར་ནས་བཞེས། མར་པ་ལོ་ཙཱ་བའི་ལུང་བསྟན་ལྟར་གྲུབ་བརྒྱའི་གཙུག་རྒྱན་མི་ལ་བཞད་པའི་རྡོ་རྗེས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་རྟོགས་པའི་རྩལ་ཆེན་རྫོགས། སློབ་དཔོན་པདྨའི་ལུང་བསྟན་དུས་ལ་བབས་ཏེ་ཐོག་མར་གཏེར་སྟོན་མཆོག་སྤྲུལ་གསུམ་གྱི་ཡ་གྱལ་གཏེར་སྟོན་རིག་འཛིན་རྒོད་ལྡེམ་གྱི་གཏེར་ཆོས་བྱང་གཏེར་གྱི་ཆོས་སྐོར་དར་ཞིང་། ཕྱིས་སུ་དུས་རབས་བཅུ་བདུན་པའི་སྨད་ཙམ་ན་ཨོ་རྒྱན་ལས་འཕྲོ་གླིང་པའི་ཟབ་གཏེར་འཇའ་ཚོན་ཆོས་སྐོར་གྱི་རྒྱུན་ཀརྨ་བློ་བཟང་གིས་བཙུགས་ཏེ་རིམ་བཞིན་རྒྱས་པ་ལས། བྱང་གཏེར་གྱི་ཆོས་རྒྱུན་འཛིན་མཁན་དང་། འཇའ་ཚོན་ཆོས་བརྒྱུད་འཛིན་མཁན་ལ་དར་སྔ་ཕྱིའི་སྒོ་ནས་རྙིང་མ་པ་དང་གསར་མ་བ་ཐོགས་པ་ཙམ་ལས་གསར་རྙིང་གི་ཟླས་དབྱེ་བའི་གསར་མ་པ་མ་ཡིན་པར་སྣང་།

      དུས་རབས་བཅུ་བཞི་པའི་སྨད་ཙམ་ནས་ཨོ་རྒྱན་མ་ཧཱ་གུ་རུའི་ལུང་བསྟན་ལྟར་ཡོལ་མོ་གཡང་རི་སྒང་དུ་རིག་འཛིན་རྒོད་ལྡེམ་གྱི་དངོས་སློབ་གྲུབ་ཆེན་དཔལ་ལྡན་རྒྱལ་མཚན་གྱིས་དགོན་པ་ཕྱག་བཏབ་ཅིང་། ཕྱིས་སུ་སྔགས་འཆང་ཤཱཀྱ་བཟང་པོས་དུས་རབས་བཅོ་ལྔ་པའི་མཇུག་ཙམ་ལ་ཡོལ་མོའི་གནས་སྒོ་ཕྱེས་ཤིང་གདན་ས་བཏབ་སྟེ་རིམ་བཞིན་ཞལ་སློབ་དང་། ཡོལ་མོ་སྤྲུལ་སྐུ་གཉིས་པ་ནམ་མཁའ་བརྒྱ་སྦྱིན། གསུམ་པ་བསྟན་འཛིན་ནོར་བུ། ཙུ་རི་དགོན་པའི་གདན་ས་བ་དབོན་ནམ་མཁའ་དཔལ་བཟང་། སྤྲུལ་སྐུ་བསྟན་འཛིན་ནོར་བུའི་ཐུགས་སྲས་སྟོབས་ལྡན་དབང་པོ་འཆི་མེད་རྒྱ་མཚོའི་སྡེ། དེའི་སྲས་ཡོལ་མོ་སྤྲུལ་སྐུ་བཞི་པ་ཟིལ་གནོན་དབང་རྒྱལ་རྡོ་རྗེ། དེའི་སྐུ་སྲས་ཚེ་བདག་རྡོ་རྗེ་དང་རྒྱལ་ཚབ་རྡོ་རྗེ། ཐུགས་སྲས་གཏེར་དབོན་ཉི་མ་སེང་གེ དེའི་སྲས་འཕྲིན་ལས་བདུད་འཇོམས་དང་བསྟན་འཛིན་འགྱུར་མེད་རྡོ་རྗེ། དབོན་བྲག་དཀར་བ་ཆོས་ཀྱི་དབང་ཕྱུག་སོགས་ནས་བྱང་གཏེར་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་གཏེར་གྱི་ཆོས་འཁོར་རྒྱས་པར་མཛད།

   དུས་རབས་བཅུ་དྲུག་པའི་སྨད་ཙམ་དུ་བྱོན་པའི་རྔོག་སྟོན་ཀརྨ་བློ་བཟང་གིས་རིག་འཛིན་འཇའ་ཚོན་སྙིང་པོའི་དངོས་སློབ་རིག་འཛིན་དབྱིངས་རིག་དཔལ་འབར་དང་དགེ་སློང་བསྟན་པ་དར་རྒྱས་གཉིས་ལས་འཇའ་ཚོན་གྱི་ཆོས་སྐོར་ཡོངས་རྫོགས་ཞུས་ནས་ཡོལ་མོར་འཇའ་ཚོན་པའི་ཆོས་སྐོར་དར་སྤེལ་མཛད། གང་ལྟར་བྱང་གཏེར་གྱི་ཆོས་རྒྱུན་ཉམས་བཞེས་གནང་སྟེ་མི་ལོ་དྲུག་བརྒྱ་ལྷག་སོང་བ་དང་། འཇའ་ཚོན་ཆོས་རྒྱུན་གྱི་ཉམས་བཞེས་དར་ཏེ་མི་ལོ་སུམ་བརྒྱ་ལྔ་བཅུ་ལྷག་ཕྱིན་ཅིང་། དེ་དག་ལས་གྱེས་པའི་ཆོས་བརྒྱུད་དང་མི་རྒྱུད་ཡོལ་མོས་མཚོན་པའི་ས་ཆ་ག་ས་གང་དུ་ཡོད་པ་དང་། དེ་དག་ཉམས་བཞེས་གནང་སའི་དགོན་པ་སོགས་ཡོལ་མོའི་ཁུལ་དུ་དགོན་པ་རྙིང་པ་དྲུག་ཅུ་ཙམ་ཡོད་རབས་འདུག
      ཡོལ་མོར་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པ་དར་ཚུལ་ནི་མར་པས་ལུང་བསྟན་ཅིང་མི་ལ་རས་པས་སྒྲུབ་པའི་རྒྱལ་མཚན་བཙུགས། ཕྱིས་སུ་གཙང་སྨྱོན་སློབ་མ་རྒོད་ཚང་རས་ཆེན་སྣ་ཚོགས་རང་གྲོལ་གྱིས་རྒོད་ཚང་གླིང་ཞེས་དགེ་འདུན་གྱི་སྡེ་བརྒྱད་གྲྭ་འཛུགས་ཤིང་རྒོད་ཚང་རས་པའི་སྤྲུལ་སྐུ་ཀརྨ་མཆོག་གྲུབ་དབང་པོའི་སློབ་མ་ཀརྨ་ཆོས་བཟང་གིས་གདན་ས་ཞིག་གསོ་དང་རས་ཆུང་སྙན་བརྒྱུད་སོགས་ཉམས་བཞེས་མཛད་ཀྱང་ཕྱིས་སུ་བརྒྱུད་འཛིན་པ་རྣམས་ནས་འཇའ་ཚོན་ལ་ཉམས་ལེན་གྱི་མཐིལ་དུ་མཛད་ཡོད་པ་འདྲ།

     དུས་འགྱུར་རྗེས་སུ་རིན་པོ་ཆེ་དང་། ༸སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ། ༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ། ༸སྐྱབས་རྗེ་རྡོ་གྲུབ་ཆེན། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་སོགས་ཀྱི་ཐུགས་བསྐྱེད་སྨོན་ལམ་དང། གོང་གི་སྐྱེས་ཆེན་དམ་པ་འགའ་ཞིག་དངོས་སུ་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས། ལྷག་དོན་དུ་ཁོང་རྣམ་པས་རྒྱ་བལ་འབྲུག་འབྲས་ལྗོངས་སོགས་སུ་དབང་ལུང་ཁྲིད་གསུམ་འཆད་སྤེལ་དང་སློབ་གཉེར་གྱི་ལྟེ་གནས་བཞེངས་བསྐྲུན་བྱས་པ་ལས་ཧི་མ་ལ་ཡ་སྤྱི་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པ་ལྟར་ཕྱོགས་འདིར་ཡང་ས་བཅད་མ་སྟོང་ཙམ་དུ་སྒྲུབ་སྡེ་དང་སློབ་གྲྭ་བཙུགས་པ་དང་། སྐུ་གསུང་ཐུགས་རྟེན་བཞེངས་པ། ཚེས་བཅུ་དང་ན་རཀ་དོང་སྤྲུགས་ཀྱི་དུས་མཆོད་རྒྱུན་མ་ཆག་པ། ན་གཞོན་ཚོ་བཤད་གྲྭ་ཆེན་མོར་སློབ་གཉེར་དུ་བཏང་བ། དཀོན་མཆོག་གསུམ་ལ་བླ་མར་བྱས་པ། གུ་རུ་པདྨ་འབྱུང་གནས་ལ་དད་མོས་བྱས་པ་སོགས་ད་དུང་ཡང་མ་ཉམས་པར་གནས་ཡོད།

       སྤྱི་ལོ་ ༡༩༨༡ ལོ་ནས་ངེས་པ་དོན་གྱི་རྫོགས་ཆེན་པའི་རྣལ་འབྱོར་པ་༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེས་སྒྲུབ་པའི་གྲོང་། གནས་སྡིངས། ལྷ་ཁང་། སེར་མ་ཐང་རྣམས་སུ་སྒྲུབ་སྡེ་བཏབ་ཅིང་སྣོད་ལྡན་གྱི་སློབ་མར་འོད་གསལ་སྙིང་པོའི་བསྟན་པའི་དབང་ལུང་མན་ངག་གི་རྒྱུན་རྒྱ་ཆེར་བསྩལ་བ་དང་གུ་རུའི་སྒྲུབ་ཕུག་སྟོང་ཤོང་ཕུག་ཅེས་པའི་གནས་སྒོ་ཡང་ཕྱེས། སྤྱི་ལོ་ ༡༩༩༦ ལོར་ཡོལ་མོ་ཨོ་རྒྱན་གསང་སྔགས་ཆོས་ཚོགས་དབུ་བརྙེས་ནས་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་བཀའ་སློབ་ལམ་སྟོན་འོག་མཁན་ཆེན་པདྨ་ཤེས་རབ་ཡོལ་མོར་ཕེབས་ཏེ་ཡོལ་མོའི་དད་ལྡན་མི་མང་ལ་ནང་ཆོས་ངོ་སྤྲོད་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་བཀའ་དྲིན་བསྐྱངས་འདུག

    རིག་འཛིན་རྒོད་ལྡེམ་གྱི་གཏེར་ལུང་དུ་གསལ་ཚུལ།

      གཏེར་སྟོན་མཆོག་གི་སྤྲུལ་སྐུ་གསུམ་གྱི་ཡ་གྱལ་རིག་འཛིན་རྒོད་ལྡེམ་གྱི་གཏེར་མ་སྦས་པདྨ་ཚལ་གྱི་ལམ་ཡིག་ལས། ཡོལ་མོ་གངས་ཀྱི་ར་བ་ཞེས་ཀྱང་བྱ༔ སྦས་པ་པདྨའི་ཚལ་ཞེས་ཀྱང་བྱ་བ་ཞིག་ཡོད་དེ༔ དེའི་བཀོད་པ་ནི༔ ཕུ་དྲུག་འཛོམས་པའི་ཡང་རྩེ༔ ལུང་པ་གསུམ་གྱི་འཛོམས༔ གངས་མཐོན་པོའི་མགུལ༔ རྡོ་རྗེ་གདན་གྱི་བྱང༔ གྲོང་ཁྱེར་ལིའི་བྱང་ཤར༔ མང་ཡུལ་གྱི་གཏིང༔ ཐུབ་པ་ཆེན་པོ་ཉིད་ཀྱི་དགེ་བསྙེན་གྱི་མགུལ༔ བརྟན་མ་བཅུ་གཉིས་ཀྱི་གཙོ་མོའི་ནུབ་མགུལ་ན་ཡོད་དོ༔ ཞེས་དང་། ཡོལ་མོའི་སྙིང་བྱང་ལས། ཡོལ་མོ་གངས་ཀྱི་ར་བ་ཞེས་བྱ་བ༔ མང་ཡུལ་གྱི་གཏིང༔ གྲོང་ཁྱེར་ལིའི་བྱང་ཤར༔ གངས་རི་རྒྱལ་མཚན་བཙུགས་པ་འདྲ་བའི་ལྷོ༔ གནོད་སྦྱིན་གངས་ཀྱི་རྒྱ་མོའི་ནུབ་ན༔ ལུང་པ་ཆེན་པོ་གསུམ་ཡོད༔ ལུང་ཕྲན་གསུམ་ཡོད༔ ལུང་པའི་ཕུ་མདའ་ལ་ཉིན་ལམ་བཞི་ཡོད༔ ཞེས་དང་། སྦས་པདྨ་ཚལ་གྱི་ལམ་ཡིག་ལས། དུས་ཕྱིས་ཕུ་དེ་ལ་སྦྲ་ཁྱིམ་བདུན་སྟོང་ཆགས༔ མདོ་ལ་གྲོང་ཁྱེར་བདུན་སྟོང་ཆགས༔ གསང་སྔགས་ཀྱི་བསྟན་པ་ཉི་མ་ཤར་བ་འདྲ་གཅིག་འོང༔ ཞེས་དང་། ཡོལ་མོ་གངས་ཀྱི་ར་བའི་གནས་ཡིག་ལས། ལས་དང་སྐལ་བ་ལྡན་པ་རིམ་གྱིས་བགྲོད་ནས༔ གྲོང་ཁྱེར་བདུན་སྟོང་ཆགས༔ གསང་སྔགས་ཀྱི་བསྟན་པ་ནམ་མཁའ་ལ་དར་ཕྱར་བ་འདྲ་བ་འབྱུང་ངོ༔ ཞེས་དང་། ཡོལ་མོ་གངས་ཀྱི་ར་བའི་གནད་ཡིག་ལས། སྙིགས་མའི་དུས་ན་བོད་འདིར་བདུད་ཀྱི་སྤྲུལ་པ་སྣ་ཚོགས་ཀྱིས༔ འཐབ་རྩོད་དང་ནང་དམེ་དར་བས་བདེ་སྐྱིད་ཡུན་དུ་མི་འབྱུང༔ སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་འདོད་ན༔ སྦས་པའི་ཡུལ་བགྲོད་ན་བདེ་སྐྱིད་རྟག་པར་མཆི༔ ཞེས་དང་། གནས་དེར་ཕྱིན་ཆད་བདེ་སྐྱིད་ལྡན་པ༔ སྐྱེས་ཚད་འཁོར་བའི་མཐའ་ལས་གྲོལ་བ༔ ཐོས་ཚད་དགེ་བའི་ཡིད་འབྱུང་སྐྱེ་བ༔ ཨོ་རྒྱན་ང་ཡི་ཐུགས་ཀྱི་གདུལ་བྱ༔ སྙིགས་དུས་སངས་རྒྱས་བསྟན་པའི་འབྱུང་ས༔ ཡོན་ཏན་དཔག་ཏུ་མེད་པ་འབྱུང་བ་ཡོད་དེ༔ ཞེས་དང་། རིག་འཛིན་རྒོད་ལྡེམ་གྱི་གཏེར་མ་སྦས་པདྨ་ཚལ་གྱི་ལམ་ཡིག་ལས། ལར་བཀྲ་ཤིས་པའི་ཡུལ་ཡིན་པས་ནད་ཉུང༔ ཚེ་རིང་ལོངས་སྤྱོད་གཏེར་དང་ལྡན་པར་འགྱུར་རོ༔ རིན་ཆེན་སྣ་ལྔ་ཡོད་པས་གཏེར་ལུང་འདུས་པར་བརྡ༔ ཡུལ་དེར་གཅན་གཟན་བྱུང་ན་ཀླེ་རུ་མཆོད༔ མི་རྒོད་བྱུང་ན་རྡོར་ལེགས་མཆོད༔ བྱ་བྱི་བྱུང་ན་ཆ་ཏིའི་གངས་མཆོད༔ དེ་ལྟར་བྱས་པས་གྲོང་ཁྱེར་བདུན་སྟོང་བདེ་བ་ཅན་དུ་འགྲོ༔ ཞེས་དང་། གསང་སྔགས་ཀྱི་གྲུབ་པ་ཐོབ་པ་བདུན་ཅུ་འོང༔ ལུས་མི་བོར་བ་བཅུ་གཅིག་འོང༔ ཞེས་སོགས་ལུང་བསྟན་པར་སྣང་ངོ་།།

      འདིར་རྒན་ཙོང་ཁ་ཚེ་བརྟན་རྒྱལ་ནས་ནན་སྐུལ་བྱས་པ་ལ་ཡོལ་མོ་མཁན་པོ་ཉི་མ་དོན་གྲུབ་ཀྱིས་མཛད་པའི་སྦལ་ཡུལ་སྤྱི་དང་བྱེ་བྲག་ཡོལ་མོ་གངས་རའི་གནས་ཡིག་དང་སྦས་ཡུལ་ཡོལ་མོ་གངས་རའི་གནས་ཡིག་ལོ་རྒྱུས་ཞེས་པའི་དེབ་མི་འདྲ་བ་གཉིས་གཙོར་བཟུང་ཐོག་མཐོང་ཐོས་ཉུང་ཟད་ཅིག་ཁ་སྣོན་བྱས་ཏེ་མཇུག་བསྡུས་ཡོད།
0

One Response to ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་ཡོལ་མོ་ལུང་པ།

  1. གཅན བཟོད་རྒྱམ། ལགས་ཀྱིས:

    ཚེ་བརྟན་རྒྱལ་གྱི་ཡིག་འབྲུ་རེ་རེ་ནི་མུ་ཏིག་གི་རྡོག་པོ་རེ་རེ་ཡིན།
    ཧི་མ་ལ་ཡའི་ཕར་ནང་ཚུར་ནང་།
    ཁྱོད་ཀྱི་རྣམ་ཤེས་འཁོར་ས་ཡིན།
    རྩོམ་ཐུང་ཡག་བྱུང།
    ཡག་བྱུང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།