བདག་གི་གློ་བོའི་འགྲུལ་བཞུད་ཐེངས་གཉིས་པ།

47460

 
རྩོམ་པ་པོ།  རྫ་སྐྱེས་ཕུར་བ།
པར་ལེན་པ། རྫ་སྐྱེས་ཕུར་བ།

 

             སྨུག་སྤྲིན་གྱི་ན་བཟའ་བཀླུབས་པའི་རི་བོ་དེ། ལྗང་ལྟེམ་མེར་འཁྱིལ་བའི་རྣང་མ་དེ། ད་དུང་སྔོ་ཡུག་ཡུག་གི་གཙང་པོ་དང་། སྨུག་ཕུང་ཕུང་གི་གྲོང་ཚོ། དེ་དག་ཁྱོད་ཀྱིས་གློ་བོའི་ལྗོངས་རྒྱུའི་ནོམ་སྐལ་དུ་རློམ་ཆོག་ཅིང་། མཐའ་མཇུག་ཁྱོད་ཀྱིསསེམས་ངལ་གསོ་སའི་གནས་མལ་དུ་ཡང་སེམས་དགོས་ཡོད།……

5.jpg

                                                          སྨོན་ཐང་གྲོང་སྐོར་ཕྱི་མའི་ལམ་དུ།    2017/7/21 /རྫ་སྐྱེས་ཕུར་བས་པར་བླངས།

               ཕྱི་ལོ༢༠༡༧/༧/༡༧ཉིན་བདག་གི་གློ་བོའི་འགྲུལ་བཞུད་ཐེངས་གཉིས་པའི་མགོ་བཙུགས་ཤིང་།  དེ་དུས་ཉིན་ལྟར་ཆར་རླུང་བསྟུད་མར་འཚུབ་དུས་ཤིག་རེད་ལ། ཡུལ་འདིའི་མཁའ་འགྲུལ་བདེ་འཇགས་མིན་པ་དང་། ཤར་ཁུམ་བུའི་མཁའ་འགྲུལ་ལ་ཉེ་ལམ་བརྡབ་སྐྱོན་བྱུང་བ་སོགས་ཀྱིས་འཇིགས་ཏེ། རླངས་འཁོར་ལ་བསྡད་དེ་སྤོག་རར་བསྐྱོད། ཉིན་དེའི་ཕྱི་ཉིན་སྤོག་ར་ནས་གློ་བོ་རྫོང་གསར་བར་འགྲུལ་སྐྱེལ་དཀྱུས་མ་ཞིག་ནས་རྫོང་གསར་ལ་ཆས་ཤིང་དེ་དུས་གློ་བོ་སྨོན་ཐང་གི་ཨ་ཅག་ལོ་ན་ལྔ་བཅུ་ཡས་མས་ཅན་ཞིག་དང་འདུག་སྟེགས་ཉེ་བར་ཁེལ། གཡང་གཟར་གྱི་འཕྲང་ལམ་འཇིགས་པོ་དག་རིམ་གྱིས་བརྒལ་མཐར། ཕྱི་ཡོལ་གྱི་ཆུ་ཚོད་དྲུག་པའི་སྟེང་ཐ་ཀ་ལིའམ་འཐག་པའི(སེ་རིབ)ཡུལ་གྱི་གྲོང་ཚོ་སྒོ་པང་དང་། མར་པ།  ཀྲུག་ཆེད་བཅས་ལ་ཐོན་དུས། ལམ་འགྲམ་གྱི་སྡོང་པོའི་སྟེང་ཀླུང་ཁམ་དང་ཀུ་ཤུ་རྡོག་པོ་མང་དག་སྨུག་དྭངས་སེ་སྐྱེས་འདུག་པ་མཐོང་། ཨ་ཅག་གིས་ལམ་སང་རྒྱ་ཁམ་དང་ཤཱའུ་འདི་འདྲ་སྐྱེས་འདུག་ཅེས་བཤད།  བོད་ཡིག་ཚིག་མཛོད་མང་པོ་ན་རྒྱ་ཁམ་དང་ཀླུང་ཁམ་གྱི་ཐ་སྙད་མེད་ཀྱང་།  ཨིན་ཡིག་ཚིག་མཛོད་RangjungYeshནང་མིང་peachའདི་དང་འབྲེལ་ཏེ་རྒྱ་ཁམ་གྱི་མིང་འགྲེལ་བསྡུས་ཙམ་དང<འཁྲུངས་དཔེ་གསེར་གྱི་མེ་ལོང>དུ་རྒྱ་ཁམ་གྱི་ངོས་འཛིན་གསལ་བོར་མཆིས། དེ་ལྟར་གློ་བོ་དག་གིས་རྒྱ་ཁམ་ནི་ཡུལ་སྐད་དུ་སྤྱོད་ཀྱི་འདུག་ལ་ཀུ་ཤུ་ལའང་ཤཱའུ་ཞེས་ཟེར་གྱིན་གདའ། དེ་ནས་ཨ་ཅག་དེས་ནང་མི་ཡིན་ནམ་གང་ཞིག་ལ་ཁ་པར་བརྒྱབ་སྟེ། ཁ་པར་ཞེས་པའི་མིང་ཚིག་དེ་ཐེངས་གཉིས་སྨྲས་པར་དོ་སྣང་བྱ་དགོས་བྱུང་། རྒྱ་གར་དང་བལ་ཡུལ་གྱི་བོད་མི་འདུས་སྡོད་ཆེ་བའི་གཞིས་གྲོང་གི་ནང་ཨིན་ཡིག་རང་གི་ཚིག་ཧྥོན་ཟེར་བ་ངག་བྱང་དུ་སོང་བ་མ་གཏོགས་བོད་སྐད་ནང་རྒྱུན་སྤྱོད་བྱེད་ཀྱིན་པའི་ཁ་པར་ཞེས་པ་དེ་ཙམ་མི་ཟེར་བའི་ཚོད།   

                                                     ཚོ་ནུབ་ཀྱི་རིགས་གསུམ་མགོན་པོའི་མཆོད་རྟེན།  2017/8/1/ རྫ་སྐྱེས་ཕུར་བས་པར་བླངས།

              སྤྱིར་ཁ་པར་ཞེས་པའི་མིང་བརྡ་འདི་ནི་ཐོག་མར་གྷི་རི་སིའི་ཡི་གེའི་ནང་བཀོལ་སྤྱོད་བྱུང་ཞིང་། དེ་ཡང་གྷི་རིག་གི་ཡི་གེ་teleཟེར་བ་རྒྱང་རིང་དང་phoneསྐད་སྒྲ་ལ་གོ་བས་དེ་ནི་རྒྱང་རིང་གི་སྐད་སྒྲ་ཞེས་པའི་དོན་ཏེ། སྐད་སྒྲ་བརྒྱུད་སྐྱེལ་བྱེད་པའི་འཕྲིན་གཏོང་སྒྲིག་ཆས་ཤིག་གི་མིང་ཡིན་པ་རེད། ཨིན་སྐད་དུ་telephoneཊེ་ལེ་ཧྥོན་ཟེར་ཞིང་། དུས་རབས་བཅོ་བརྒྱད་པའི་ནང་ཡུ་རོབ་གླིང་དུའང་མིང་དེ་དར་ཁྱབ་བྱུང་བར་བཤད། བོད་སྐད་ཡིག་ནང་ལ་ནི་མིང་འདི་ཕྱིས་སུ་བྱུང་བ་ཞིག་སྟེ། བོད་ཁམས་སུ་འཕྲིན་གཏོང་ཡོ་བྱད་དར་བའི་ལོ་སུམ་ཅུ་དང་ལག་འཕྲིན་དར་བའི་ལོ་ཉི་ཤུ་ཡས་མས་ཀྱི་ནང་ཡོངས་ཁྱབ་ཀྱིས་སྤྱོད་མགོ་ཚུགས་པའི་ཐ་སྙད་ཅིག་རེད་ལ། “དག་ཡིག་གསར་བསྒྲིགས”དང”བོད་རྒྱ་ཚིག་མཛོད”གཉིས་ཀྱི་མིང་འགྲེལ་དུ་ཐོན་མེད་ནའང་བོད་རང་གི་ཐ་སྙད་ཀྱི་གོ་བབས་ནས་ཡོངས་ཁྱབ་ཏུ་ཕྱིན་ཡོད་པ་ཞིག་རེད། བོད་ཁམས་དང་འབྲེལ་ལམ་ཆད་དེ་ཡུན་རིང་ཁེར་རྐྱང་དུ་བསྡད་ཡོད་པའི་གློ་བོའི་མི་ཞིག་གིས་ཁ་པར་ཞེས་པའི་མིང་བརྡ་འདི་ངག་ལ་ཡོངས་ཁྱབ་ཏུ་ལོབ་འདུག་པའི་ཟོལ་གྱིས་སྤྱོད་དུས་རིག་གནས་ཀྱི་ཤན་ཤུགས་ཐེབས་ཚད་ལ་ཧ་ལས་དགོས་བྱུང་།  

13.jpg

                                                                            སྨོན་ཐང་གྲོང་ཚོ།    2017/7/22 /རྫ་སྐྱེས་ཕུར་བས་པར་བླངས།

          ཕྱི་ལོ་༢༠༡༧ལོའི་ཟླ༧ཚེས༢༡་ཉིན་ང་རང་སྨོན་ཐང་གྲོང་སྐོར་ཕྱི་ལམ་བརྒྱུད་དེ། རྨས་མ་ཕོག་པའི་ས་དེའི་རི་ཆུའི་མཛེས་སྡུག་ལ་རྒྱང་ལྟ་བྱ་བར་བསྐྱོད་ཅིང་། སྨུག་སྤྲིན་ན་བཟས་བཀླུབས་པའི་རི་ཆེན་རེ་རེ་དང་། སྔོ་ཞིང་ལྟེམ་མེར་འཁྱིལ་བའི་རྣང་མ་རེ་རེ། ཡམ་ཡོམ་ལྡང་བའི་བསེར་བུ། རྐ་ཆུའི་ཤག་སྒྲ། ཆར་འབྲུ་རེ་གཉིས་གདོང་ལ་ལྷུང་བའི་སྣང་བ། ཕ་ཡུལ་གྱི་ན་སྤང་རི་ཁོད་དང་གཅིག་རང་ཡིན་པའི་མེ་ཏོག་དང་ཤིང་སྨན། ཆུང་དུས་གཞིས་དགོན་དུ་སྡོད་སྐབས་ཀྱི་སྔོ་རྩྭ་ཞིག་གི་དྲི་བསུང་སླར་ཡང་སྣ་ལམ་དུ་ཐུལ་བ་བཅས་ནི་བརྗོད་དུ་མེད་པའི་བདག་གི་མྱོང་བའི་ཁམས་སུ་སིམས་ཏེ་འོང་ཞིང་། མངའ་རིས་གོང་ཐང་གི་རྒྱལ་ཕྲན་འདི་ཡིས་བཞག་པའི་བག་ཆགས་ཀྱི་རི་མོ་དེ། རྔམ་མཐུག་པའི་ཕྲན་ཆུང་གི་ཡུལ་གདུང་འདུ་ཤེས་ཀྱི་གཏིང་མཐའ་དང་འདྲེས་ཏེ་འོང་ངོ་།།

8.jpg
                                                           སྨོན་ཐང་གྲོང་གི་སྲང་ལམ།   2017/7/26 /རྫ་སྐྱེས་ཕུར་བས་པར་བླངས།                                           

                གནས་འདི་ཡི་ལོ་རྒྱུས་ཀྱི་སྐས་རྐང་རེ་རེ་དེད་དེ་ཆས་ན། མེས་པོ་ཞང་ཞུང་གི་ཤེས་རིག་མངའ་ཐང་དང་། བཙན་པོ་སྲོང་བཙན་གྱི་དམག་རྟའི་དཔུང་ཟོར། སིལ་བུའི་སྐབས་ཀྱི་རིག་གནས་ནང་འདྲེན་བཅས་ལ་རྒྱང་མཇལ་ཞུས་ཆོག་པ་ཡོད་ལ། སྐྱོ་གར་གྱི་ལེ་ལན་རེ་རང་སྟེང་ནས་གྲུབ་སྟེ་འོང་ཞིང་། རྒུད་པ་ལང་ལོང་གི་ཆག་སྒོ་རེའང་གཞན་གྱིས་བརྩམས་ཏེ་ཡོང་བའི་གོད་ཆག་དག་ཀྱང་མ་མཐོང་ཐབས་མེད་ཡིན་འོང་སྟེ། ཕྱི་ལོ༡༧༦༩དང་། ༡༨༥༥སོགས་སུ་བསྟུད་མར་གོར་ཁྭའི་བཙན་དམག་གིས་རང་སར་དཔུང་འཇུག་བྱས་ཤིང་། བསམ་བློའི་ཤེས་རིག་དང་། རིགས་རུས་ཀྱི་ནང་བྱིངས་གཅིག་པའི་མངའ་རིས་གུང་ཐང་གི་རྒྱལ་ཕྲན་འདི་གཞན་གྱི་བཙན་དབང་ལ་ཤོར་བའི་འཇིགས་རུང་གི་སྐྱོ་གར་ཞིག་བྱུང་ཞིང་། སྐྱོ་གར་དེ་འདྲའི་སྐབས་སུ་འོ་སྐོལ་ལ་ཆེས་མཁོ་བ་ནི་མངའ་ཐང་ཐབས་ཀྱིས་བསྐྱེད་པའི་སྲིད་ཇུས་དང་། གཞན་དཔུང་སྟོབས་ཀྱིས་འགོག་པའི་དམག་མོ་ཆེ་ཡིན་པ་སྨྲོས་ཅི་དགོས་མོད། “མི་ཟད་དགུན་གྱི་རླུང་དང་ལྷན་གཅིག་ཏུ།། མི་འཇིགས་གངས་ཀྱི་རི་ནས་ཕྱིར་ཐོན་པའི”བོད་བཙན་པོའི་དཔུང་གི་སྟོབས་དེའང་རྒྱལ་ཕྲན་ཅན་དང་། ཡང་ཕྲན་ཅན་དུ་ལོགས་ཏེ། རང་སའི་རྒྱ་ཁྱོན་དེ་ཆུང་ནས་ཆུང་དུ་གྱུར་ཞིང་སྐྱོ་གར་དང་སྐྱོ་གར་བརྒྱུད་དེ་དུས་དེ་རིང་གི་བར་ཐག་འདི་གྲུབ་པ་རེད།  

9.jpg
                                                             ཚོ་ནུབ་ཕྲེད་མཁར་གྲོང་ཚོ།  2017/7/27 /རྫ་སྐྱེས་ཕུར་བས་པར་བླངས།

            འདི་ནི་གཏམ་རྒྱུད་ཐུང་ཐུང་ཞིག་རེད་ལ། འོ་སྐོལ་སུ་ལ་ཡང་གསལ་ལྷང་ལྷང་ཡིན་པའི་གཏམ་རྒྱུད་ཅིག་རེད། གཏམ་རྒྱུད་འདི་ནི་གློ་བོ་སྨོན་ཐང་གི་གྲོང་སྐོར་ཕྱི་ལམ་རྒྱུད་དུས། བདག་གིས་ཡང་ཡང་དུ་དྲན་འོང་བའི་གཏམ་རྒྱུད་ཅིག་རེད། ཁྲ་སྤུངས་སེ་ཡོད་པའི་མཁར་སྟེང་གི་དར་ལྕོག  སྨུག་ཕུང་ངེ་འདུག་པའི་སྨོན་ཐང་གྲོང་ཚོ། ད་དུང་སོས་དལ་ངང་འཇམ་དང་འཁོས་ཀ་ཞན་པའི་ཡུལ་མི་འདི་དག འདི་དག་ངའི་མིག་ལམ་ལ་མ་བཅོས་རང་བྱུང་གི་མཛེས་སྡུག་ཅིག་ཏུ་འཁྱིལ་འོང་ཞིང་། སྐལ་བའི་རྟག་བརྟན་གྱི་ཞིང་བཀོད་ཅིག་ཏུ་མཇལ་རི་ཡོད། གལ་ཏེ་ང་ནི་སྒྱུ་རྩལ་རི་མོ་འབྲི་མཁན་ཞིག་ཡིན་ཚེ། ཚོན་ཁ་ལྡེབས་འཕྲོས་སྣ་མང་སྤྱད་དེ་སྨོན་ཐང་གྲོང་སྐོར་གྱི་སྣུམ་མདོག་གི་རི་མོ་ཞིག་འབྲི་ངེས་ཤིང་། དར་ལྕོག་རེ་རེ་དང་མཁར་ཆུང་རེ་རེའི་མཇུག་ལ<མེས་པོའི་ཞལ་མདངས་མ་ཉམས་པའི་བདག་གི་གངས་ལྗོངས>ཞེས་ཀྱང་འབྲི་ངེས། མི་རིང་པར་གཞུང་ལམ་རྒྱ་ཆེན་ཞིག་གི་སྣེ་མོ་འདི་རུ་ཟུག་ངེས་ཤིང་། ཚོང་ཟོག་སྐྱེལ་འདྲེན་གྱི་མི་ཚོགས་ཆ་མེད་ཅིག་ཀྱང་འཚང་ཁ་ཤིག་ཤིག་གིས་འཛོམས་ངེས་འདུག་ཟེར་ན། ཁྲ་སྤུངས་སེ་ཡོད་པའི་མཁར་སྟེང་གི་དར་ལྕོག་འདི་དག་དང་།  སྨུག་ཕུང་ངེ་འདུག་པའི་གྲོང་ཚོ་འདིའི་ཕྱི་ནང་བར་གསུམ། སོས་དལ་བག་ཡངས་སུ་སྡོད་པའི་ཡུལ་མི་འདི་དག  འདི་དག་ཐམས་ཅད་བྲེལ་འཚུབ་ཀྱི་ཀློང་དུ་གཟིམ་མི་འགྲོའམ་སྙམ་ཞིང་སྙམ་ལ། བསྲེ་སླད་ཀྱི་ཁ་རླངས་དེས་བརྫད་མི་ཡོང་ངམ་སེམས་ཤིང་སེམས་ཏེ། བདག་ནི་དབང་མེད་དུ་འཇིགས་ཀྱང་འཇིགས་འོང་ངོ་།།  

4.jpg
                                                        ཚོ་ནུབ་སྐྱེད་མ་གླིང་། 2017/7/21 /རྫ་སྐྱེས་ཕུར་བས་པར་བླངས།

            ཕྱི་ལོ༢༠༡༧/༧/༢༣ཉིན་སློབ་སྤྱི་འཆི་མེད་རིག་འཛིན་ལགས་དང་ངེད་གཉིས་སྨོན་ཐང་གྲོང་གི་འོག་ཤོད། གནའ་དུས་རྒྱལ་བོའི་གཡོག་འཁོར་སྡོད་སའི་ས་ཆ་ཁོང་ཅག་གིས་ཆིབས་ར་ཞེས་འབོད་པའི་གྲོང་ཚོ་དེར། ལོ་ན༧༡སོན་པའི་གར་གླུ་པ་སྤོ་བཀྲ་ཤིས་ཚེ་རིང་ལགས་འཚོལ་བར་བསྐྱོད། གློ་བོའི་དམངས་ཁྲོད་ཀྱི་གར་གླུ་རྩད་གཅོད་དང་རྒྱུས་ལོན་ཡིན་པར་སྔར་ནས་བཤད་ཡོད་པས། སྤོ་ལགས་ཀྱིས་ཡིད་དུང་དུང་བྱེད་ཀྱི་འདུག་ལ། ཆང་དཀར་ཞིག་མཆོད་ཀྱིན་མཆོད་ཀྱིན་གར་གླུ་མང་པོ་བླངས་སོང་། དེ་ནས་བསྟུད་མར་ཉིན་བཞི་ལ་ཁོ་སར་བསྐྱོད་དེ”གར་གླུ”སྒྲ་ཕབ་བྱས། གར་གླུ་རེ་རེའི་ཚིག་དབྱངས་ངག་གསུམ་ཁྲོད་ན་སྤོ་བོའི་སྐྱོ་ལ་སྡུག་པའི་འཇིག་རྟེན་གྱི་མཐོང་སྣེ་གཞན་རེ་བདོག་ལ། གློ་རྒྱལ་སྲས་མོ་ཞིག་ལ་དྭགས་ལ་མནའ་མར་བཏང་པའི་བསྐོར་ཏེ། སྨོན་ཐང་མཁར་གྱི་སྟེང་ལ།། བུ་མོའི་ཕུག་ལྷ་བཞུགས་ཡོད།། བུ་མོ་མི་གཏོང་ཡུལ་ལ།།  གཏང་ལ་ཕོད་ས་འདུག་གམ།།  སྐུ་ཟུམ་ལ་དྭགས་ཤར་དུ།། གཏོང་ལ་ཕོད་ས་འདུག་གམ།། ཞེས་པ་གཏོང་དུས་སྤོ་བོའི་མིག་ཆུ་ཕྲོམ་ཕྲོམ་དུ་འཐོར་གྱིན་སྲས་མོ་དེ་ཧ་ཅང་སྙིང་རྗེ་ཡི་ལབ་ཀྱི་གདའ། སྲས་མོ་གང་གི་རང་ཡུལ་དང་ཁ་འབྲལ་མི་བཏུབ་པའི་གདུང་ཡས་དེ།  དུས་ད་དུང་ཡང་སྤ་བོའི་གར་གླུའི་ཚིག་དབྱངས་ངག་གསུམ་ནང་སིམས་ནས་ཡོད་ཅིང་། གླུ་ཚིག་གི་རྒྱབ་ལྗོངས་དང་འབྲེལ་བའི་གཏམ་རྒྱུད་སྙིང་རྗེ་མོ་རེའང་འཆད་ཀྱི་གདའ།  སྒྱུ་རྩལ་ཞེས་པ་འདི་འདྲ་ཞིག་ཨེ་ཡིན་སྙམ་སྟེ། སྤོ་བོ་དེ་ནི་རང་གི་གླུ་ངག་ཁྲོད་ཀྱི་བརྗོད་དུ་མེད་པའི་མྱོང་ཚོར་གྱི་ཞིང་ཁམས་ཤིག་ལ་ལོགས་འགྲོ་ཡི་འདུག

800.jpg
                                                              སྨོན་ཐང་འབྲོག་གི་སྦྲ།  2017/8/13 /རྫ་སྐྱེས་ཕུར་བས་པར་བླངས།

          མི་ཚེ་ནི་དལ་གྱིས་འགྲོ་ཞིང་བྲེལ་གྱིས་རྫོགས་སྲིད་པའི་སྐྱོ་གར་ཞིག་ཡིན་པ་གནས་ལུགས་རེད་མོད། མི་ཚེའི་སྒལ་ཚིགས་རེ་རེའི་སྟེང་ན་སྐབས་རེར་ཡིད་དུ་འོང་བའི་ཆ་ཡང་མཆིས་ངེས་ཏེ། ཟླ་བདུན་པའི་ཚེས་༢༨་ཉིན་ཆོས་སྡེ་དགོན་གྱི་དགེ་རྒན་འགའ་དང་ལྷན་རྐང་ཐང་གིས་གློ་བོའི་འབྲོག་ས་རུ་བསྐྱོད། ཆར་རླུང་འདྲེས་མ་ཞིག་གློ་བུར་འོང་ཞིང་། སྨུག་རླངས་བྲེལ་མོ་རེ་སྐད་ཅིག་གིས་མཆེད་ཡོང་། དེ་ནི་སྨད་མདོ་ཁམས་ནས་སྟོད་གློ་བོའི་བར་འབྲོག་ས་ཡོངས་ཀྱི་དབྱར་ཁའི་གནམ་གཤིས་ཤིག་ཀྱང་ཡིན་ངེས། ས་བབ་སྨ་སའི་སྡོད་ཡུན་རིང་དྲགས་པས་བདག་རང་དབུགས་ཧུར་ཧུར་གྱིས་མགྱོགས་པོར་བསྐྱོད་མི་ཐུབ་ཀྱང་། ཀློང་ཡངས་པའི་རི་ཆུ་དང་། མདངས་ལེགས་པའི་རྩི་སྨན་དག་ལ་འཕྲད་ཐེངས་རེ་ཡིས་ངལ་དུབ་ཅིག་གཏན་ནས་མ་ཚོར། ངེད་ཅག་ལུང་པ་གཉིས་ཀྱི་རི་སྒང་དེད་ནས་ཡར་ཡར་བསྐྱོད་ཅིང་། ལུང་པའི་ཕར་ཚུར་གཉིས་ན་སྦྲ་དང་རས་གུར་ཕུབ་པའི་འབྲོག་དུད་མང་པོ་ཐར་ཐོར་དུ་བཀྲམ་འདུག ངེད་ཅག་གཡས་ཕྱོགས་ཀྱི་ལུང་སྟོད་དེ་ན་ཁེར་ཆད་དུ་ཡོད་པའི་དུད་ཚང་དེར་གཏད་ནས་སོང་ཞིང་།  ཉེ་སར་ཐོན་དུས་ཁྱིམ་བདག་ཨ་ཅག་གིས་ནང་ལ་ཕེབས་ཟེར་གྱིན་སྔུན་ལ་བུད་བྱུང་། ཟོག་རྡང་མཐའ་བསྐོར་ནས་ཁྱིམ་དུ་འཛུལ་དགོས་བསམ་ཡང་རོགས་པ་གཉིས་ཟོག་རྡང་གི་དཀྱུས་ལ་བསླེབས་ཚར་འདུག་པས་ངེད་གསུམ་རྡང་ནང་བརྒྱུད་དེ་ཡར་ཁྱིམ་དུ་འཛུལ། ཨ་ཅག་ལྷ་མོ་ལགས་ཀྱིས་ལམ་སང་མདོང་མོ་བླངས་ནས་དཀྲུག་ཇ་བཟོས་བྱུང་། ཆེས་དོ་ཁུར་ཆེ་བའི་མགྲོན་པོ་ཞིག་བསླེབས་སོང་བ་ལྟ་བུའི་རྣམ་འགྱུར་བཟང་པོ་སྟོན་བཞིན་ཡ་ཐད་ནས་ཕོར་བ་གསུམ་བླངས་ཏེ་དཀྲུག་ཇ་བླུགས། ད་གང་མཆོད་ཀ རྩམ་པ་མཆོད་ཀ ཙོའུ་ཙོའུ་(མགྱོགས་ཐུག)མཆོད་ཀ་ཟེར། དེ་ན་ཞོ་ཞིག་མཆོད་ཨ་ཟེར་ནས་སྔ་དྲོར་བསྙལ་བ་ལོས་ཡིན་སྙམ་པའི་འབྲི་ཞོ་དྲོད་མོ་ཞིག་བླུགས་སོང་།                              

17.jpg
                                                             སྨོན་ཐང་འབྲོག་གི་ནོར་མ། 2017/8/13 /བྱམས་པས་པར་བླངས།

              ཁྱིམ་གྱི་ཡ་ཐད་ས་ན་ཤིང་སྒམ་འགའ་ལེབ་འཇོག་བྱས་པའི་སྟེང་པར་སྒྲོམ་ཁ་ཤས་བཤམས་ཤིང་མདུན་དུ་བདུན་ཚར་དང་ཀོང་བུ། ཕུད་ཕོར་སོགས་རྙིང་ཉམས་དོད་པའི་མཆོད་ཆས་སྐོར་ཞིག་བསྒྲིགས། དོ་བོ་དམའ་མོ་ཞིག་བརྩིགས་པའི་སྟེང་དོ་ཕྱར་ཁྲ་ཁྲ་ཞིག་བཀབ། ཁྱིམ་སྨད་ཀྱི་ཟུང་ཐག་ངོས་ལ་སྲབ་དང་སོ་ལག ཐག་པ་སོགས་བཀར་བ་ཡན་ཆད་མདོ་ཁམས་ཀྱི་གནའ་ཡི་འབྲོག་ཁྱིམ་ཞིག་དང་ཇི་མ་ཇི་བཞིན་རང་འདུག་ལ།  ཨ་ཅག་ལྷ་མོ་ལགས་ངེད་ཅག་སུས་ཀྱང་ངོ་ཤེས་ཀྱི་མེད་ན་འང་། ཇ་དཀྲུག  ཞོ་བླུགས། གང་བཟང་གང་ཕན་རང་བྱ་ཡི་འདུག གྲོང་ཁྱེར་གྱི་སྙིགས་གཤིས་དང་གཤིབ་སྟེ་ངལ་ཐག་ཆོད་པའི་མི་ཞིག་གིས། མཐོ་སྒང་འབྲོག་གི་བཅོས་ཟོལ་མེད་པའི་མི་གཤིས་ཀྱི་ནོར་བུ་དེ་མཇལ་ཞིང་། སྨུག་སྨུག་སྦྲ་ཡི་ཁ་ཚུབ་ནས་སྔོ་བྲེང་བྲེང་གི་དུ་བ་འཕྱུར་བ་རིག་བྱུང་། མི་ལོ་བཅུ་གསུམ་ རྗེས་ཀྱི་དེ་རིང་ནི་ཇི་འདྲའི་དུས་བཟང་ཞིག་སྟེ། གཞི་ནས་སྦྲ་སྒོ་ཐོད་པས་ཕྱེ་བའི་ཉི་མ་ཤར་སོང་། ཁོང་ཅག་གིས་སྦྲའི་ཐ་སྙད་ཀྱང་མངའ་རིས་བྱང་ཐང་གི་འབྲོག་པ་ཚོ་བཞིན་སྤྱོད་ལ། མངའ་རིས་ས་ཁུལ་དུ་སྔོན་གྱི་གཞིས་སྡོད་པ་དང་། ཕྱིས་མདོ་ཁམས་ནས་ཡོང་བའི་ཚོ་གཉིས་ཡོད་པ་ལས་སྔ་མས་གུར་ཞེས་འབོད་ཀྱང་། ཕྱི་མས་སྦྲ་ཞེས་འདོགས། མངའ་རིས་ལ་སྦྲ་ཡི་བཟོ་དབྱིབས་ཀྱང་སྐོར་ཞིག་མཆིས་པའི་ཁྲོད་ཀྱི་འདི་ནི་གནམ་ལྷའི་འབྲོག་གི་སྦྲ་ཁེབ་ཡིན་ཚུལ་སྤོ་བོ་དབང་ཕྱུག་གིས་བཤད། དགེ་ཆོས་ལགས་ཀྱིས་རྒྱ་གར་གྱིThakurཞེས་པའི་མི་རིགས་ཚོ་ཁག་དེ་བོད་ཀྱི་དམག་མི་དང་འདྲེས་པ་ལས་བྱུང་བ་དང་། ཋ་ཀུར་ཡང་སྦྲ་གུར་གྱི་སྒྲ་ཉམས་པ་ལས་བྱུང་བ་ཞིག་ཡིན་པར་གསུངས་ཡོད་ལ། མངའ་རིས་ཡུལ་ནས་ནག་ཚང་ལ”གུར”དང”སྦྲ”ཞེས་ཐ་སྙད་གཉིས་འདོགས་སྲོལ་མཆིས་པས་སྔ་མ<བཀའ་ཆེམས་ཀ་ཁོལ་མ>དང་།ཕྱི་མ་ནི་<ཐང་ཡིག>ཏུ་གསལ་བའི་ནག་ཚང་གི་ཐ་སྙད་ཅིག་རེད།                    

19.jpg
                                                            གློ་བོའི་ཡུལ་གྱི་ཤ་མོང་ངམ་གསེར་ཤ   2017/8/16/རྫ་སྐྱེས་ཕུར་བས་པར་བླངས།

           མ་གཞི་གུར་ནི་གནའ་བོའི་མཐོ་སྒང་གི་སྡོད་ཁྱིམ་གྱི་སྤྱི་མིང་ཞིག་དང་། སྦྲ་ནི་ནོར་ནག་རྩིད་པ་བཟོ་འཐག་ལས་གྲུབ་པའི་སྡོད་ཁྱིམ་བྱེ་བྲག་གི་མིང་ཞིག་ཨེ་ཡིན་སྙམ་ཞིང་། སྐབས་འགར་སྦྲ་གུར་གྱི་གོ་དོན་གཅིག་ཏུ་ངེས་ཤིང་། མདོ་ཁམས་ནས་ཐ་དད་དུ་གོ་སྲོལ་ཆེ་བ་འདྲ། འབྲོག་ལས་དང་དགོན་སྡེ་གཉིས་ནི་བོད་ཀྱི་སྲོལ་རྒྱུན་གྱི་མིག་འབྲས་གཉིས་པོ་རེད་ལ། གློ་བོ་ནས་ད་དུང་བོད་ཀྱི་མིག་འབྲས་སྙིང་རྗེ་མོ་དེ་གཉིས་གསལ་གསལ་ཞིག་མཐོང་ཐུབ། ངེད་ཅག་ཁྱིམ་ན་ཇ་འཐུང་གིན་པའི་སྐབས་ཨ་ཅག་ལྷ་མོ་ལགས་ལ་ཁ་པར་གྱི་དྲིལ་བརྡ་ཞིག་བསླེབས་སོང་བས་དྲིལ་བརྡ་རུ་འགྱུར་མང་པའི་ནག་ཆུའི་བྱང་ཐང་གི་འབྲོག་གླུ་ཞིག་བཞག་འདུག་པ་ཉན་རྒྱུ་བྱུང་། གློ་སྟོད་འབྲོག་པའི་ཕོ་གསར་ཚོས་འཕྲུལ་རྟའི་སྒྲ་སྒམ་ནང་ནག་ཆུའི་བྱང་ཐང་གི་འབྲོག་གླུ་སྐད་ཆེན་རེ་བཏང་ནས་འགྲོ་བཞིན་པའང་ལམ་དང་ལམ་ནས་ཐུགས་འོང་། ས་མ་འདྲིས་བྱང་ཐང་སྐྱོ་མོ་རེད།། འདྲིས་སོང་ན་རིང་གི་ཕ་ཡུལ་རེད།།ཅེས་པ་དེ་དོལ་པོ་བསྟན་འཛིན་ནོར་བུས་ཆེས་དགའ་མོས་བྱ་སའི་གླུ་ཚིག་ཅིག་རེད་ལ། ངེད་གཉིས་གླུ་ཚིག་དེའི་སྐོར་ནས་ཁ་བརྡ་ཐེངས་གསུམ་བཞི་ཞིག་བྱས་མྱོང་ཞིང་། གླུ་ཚིག་དེའི་སྣང་བརྙན་མཚོན་བྱེད་ཀྱི་རི་མོ་ཞིག་ཀྱང་བྲིས་ཡོད་པ་རེད། རེད་ཀྱང་གླུ་ཚིག་དེ་ནི་ནག་ཆུའི་བྱང་ཐང་གི་འབྲོག་པ་ཚོའི་རྒྱུན་སྤྱོད་ཀྱི་གླུ་ཚིག་ཅིག་རེད་ལ། དེ་ལྟར་བསམ་ན་རིག་གནས་གཅིག་ལ་བརྟེན་པའི་ཚེ་སྲོག་གི་ཕྲ་ཕུང་ནི། དངོས་གནས་སྟོབས་དང་ཤེད་ཀྱིས་གཅོད་མི་ཐུབ་པའི་ཕ་ལམ་དངོས་ཤིག་ཡིན་འདུག་ཨང་སྙམ་འོང་། ངེད་ཅག་ཁྱིམ་ནས་ཕྱིར་བུད་དུས། ཨ་ཅག་ལྷ་མོ་ལགས་ཀྱིས་རྗེས་མར་འོ་མ་མཆོད་པར་འོང་ན་སྔ་དྲོ་ཤོག་ཨོ།ངེད་འདི་རུ་བསྡད་བསྡད་པ་ཡིན་ཟེར་གྱིན་གདའ། 

16.jpg
                                                       སྨར་རྫོང་ཕུག་ནས་ཐོན་པའི<མདོ་གཟེར་མིག>     2017/8/16 /རྫ་སྐྱེས་ཕུར་བས་པར་བླངས།

            ཕྱི་ལོ་༢༠༡༧ལོའི་ཟླ༧་ཚེས་༢༥ཉིན་སློབ་སྤྱི་འཆི་མེད་རིག་འཛིན་ལགས་དང་ལྷན་སྨོན་ཐང་ཆོས་སྡེ་དགོན་གྱི་དངོས་རྙིང་བསྡུ་ཉར་ཁང་དུ་ཆས།  དེར་དངོས་ཆས་རྙིང་པའི་རིགས་དང་། དཔེ་རྙིང་། སྐུ་རྟེན། ཐང་རྙིང་། དཔར་ཤིང་སོགས་ལྷ་ཆས་རྙིང་པའི་རིགས་ཏེ་གནའ་བོའི་ཉེར་སྤྱོད་ཀྱི་རྣམ་གྲངས་མང་། དེར་ཡོང་ཕྱི་གླིང་ཉམས་ཞིབ་པ་དག་ཆེས་ངོ་མཚར་ས་ནི་ད་ལྟ་རྩ་སྟོང་སོང་ཟིན་པའི་གླང་ཆེན་རིགས་ཤིག་གི་མཆེ་བ་དེ་དང་། བྱོན་བཟོ་དེ་ཙམ་མི་ལེགས་པའི་སྐུ་ཆས་རྙིང་པ་འགའ་ཡིན་འདུག་ཀྱང་ངས་དོ་སྣང་བྱ་ཡུལ་ནི་ཉེ་ལམ་རྨ་རྫོང་བྲག་ཕུག་ནས་ཐོན་པའི་བོན་གྱི་དཔེ་རྙིང་ཁག་ཡིན། ཁང་པའི་གཡོན་ངོས་སུ་དཔེ་ཐིམ་སྔོན་པོ་སྤྲས་ཡོད་པའི་དཔེ་པོད་ཉེར་བདུན་ཐོག་བརྩེགས་བྱས་ནས་བཞག་འདུག་པ་ཐོག་མར་མཇལ་ཞིང་། གླེགས་ཐག་བཀྲོལ་ནས་བལྟས་པས་མིང་ཆེ་བ་ཁམས་ཆེན་སྟོང་ཕྲག་བརྒྱ་བའི་དཔེ་ཆ་རེད་འདུག  མདོ་གཟེར་མིག་གི་ལེའུ་འགའ་ཁ་འཐོར་གྱི་པོད་གཉིས་ཡོད་པ་ལས་གཅིག་ཤོས་དེ་ཞིབ་ཀློག་ཐེངས་གཅིག་བྱས།  

10.jpg
                                                          སྨོན་ཐང་རྒྱབ་ཀྱི་བོན་གྱི་མཆོད་རྟེན།  2017/7/21 /རྫ་སྐྱེས་ཕུར་བས་པར་བླངས།

            མདོ་གཟེར་མིག་གི་ལེའུ་དེ་ནི་བན་ཕྱོགས་ཀྱི་མདོ་དག་དང་འདྲ་སེ་ཡོད་པ་སྟེ། གཤེན་སྟོན་དང་དེའི་འཁོར་དག་གིས་གནས་གང་དང་ཡུལ་གང་ཞིག་ནས་བོན་གྱི་བྱ་བ་དེ་ལྟར་གནང་ཞེས་པ་སྟེ། གཏམ་རྒྱུད་ཀྱི་ཆ་མང་དུ་བཤད་ཡོད་པ་ཞིག་རེད།མདོ་དེའི་ནང་གི་དང་བ་རྫོང་ཕུག ཧོས་མོ་གླིང་དྲུག མཚོ་གཡུང་དྲུང་མིག་དགུ། མཁར་འབར་བ་རྩེ་དགུ། ཤེར་གྱི་བྲག་འཕྲིས་སྐས་པད་མ་རིས་ཀྱི་ཕུག་ཅེས་པ་སོགས་གླིང་དང་མཁར། མཚོ་དང་ཕུག་གི་རྣམ་གྲངས་མང་དུ་གསལ་མོད། དེང་སྐབས་དེ་དག་ནི་ས་གནས་འདི་འདྲ་ཞིག་ན་ཡོད་ཅེས་པའི་ངོས་འཛིན་གསལ་ཐག་ཆོད་པོ་ཞིག་བོན་ཕྱོགས་ནས་ཀྱང་གནང་དཀའ་ཚོད་ཡོད་པ་འདྲ། སྨོན་ཐང་དང་རྩ་དྲང་གཉིས་ཀྱི་བར་ན་ཧོས་མོ་ཞེས་པའི་ས་ཆ་ཞིག་མཆིས་པ་ཧོས་མོ་གླིང་དྲུག་དང་འབྲེལ་ཨེ་ཡོད་སྙམ་པ་འཆར་སྣང་ཞིག་ཡིན་ལ། སྤྱིར་གློ་བོ་ན་རྫོང་དང་གླིང་གི་ཐ་སྙད། མཁར་དང་ཕུག་གི་མིང་སོགས་ཨ་ཅང་མང་།  མདོ་གཟེར་མིག་ནང་དུ་བུ་ལ”བུ་ཚ”ཞེས་པའི་ཐ་སྙད་སྤྱད་ཡོད་པ་དང་། གློ་བོའི་ཁ་སྐད་ནང་ལའང་བུ་ཡི་མིང”བུ་ཚ”ཟེར་གྱི་ཡོད་པ་རེད།  གཏམ་རྒྱུད་ཐུང་ངུ་ཞིག་ཀྱང་གླེང་སྤྲོ་སྟེ། བྱིས་དུས་ངའི་མནོལ་སྐྲའི་ནང་གི་སྲོ་མང་བསལ་དུ་འཇོག་ཕྱིར་ཨ་མས་ང་ལ་ཁ་དཔེ(ངག་རྒྱུན་གྱི་སྒྲུང)མང་པོ་བཤད་པ་རེད། <ཡུ་མོའི་བུ་མོ་གཟུགས་མཛེས་སྒྲོལ་མ།> <ལྷ་གཡག་གྭ་བ་རྭ་རིང་།>  <རྒྱལ་ཕྲུག་དང་བློན་ཕྲུག>སོགས་བཤད་པ་རེད། རྒྱལ་ཕྲུག་དང་བློན་ཕྲུག་སྐབས། ལོ་རེའི་ཚེས་བཅོ་ལྔ་ཞིག་གི་མཚན་མོར་བུ་ཚ་སྟག་ལོ་བ་རེ་དུག་མཚོ་དེའི་ནང་དུ་འཕེན་དགོས་རེད་ཅེས་བཤད་དུས་ངའི་མིག་ཆུ་ཨ་མའི་པང་དུ་འགྲིལ་བའང་ཐེངས་གཅིག་ག་ལ་ཡིན་ཏེ། དེ་ལྟར་མ་ལགས་ཀྱི་ཁ་དཔེའི་ནང་ནའང་བུ་ལ”བུ་ཚ”ཞེས་འབོད་ཀྱིན་ཡོད་ལ། འདི་ཚང་མའི་ཁུངས་སྣེ་གཅིག་མཚུངས་། 

15.jpg
                                                   ཚོ་ཤར་བཀྲིས་གླིང་གི་བོན་གྱི་མཆོད་རྟེན།   2017/8/3 /རྫ་སྐྱེས་ཕུར་བས་པར་བླངས།

          མདོ་དེའི་ནང་གི”སྐྱིན་གྱི་རལ་ཁ”དང་།”གཡུའི་ཟུར་ཕོད”ཅེས་རྒྱན་གྱི་རྣམ་པ་བཤད་པ་དང་གློ་བོའི་བུད་མེད་ཀྱི་མགོ་རྒྱན་འདོགས་སྟངས་བར་ལ་འབྲེལ་བ་ངེས་ཅན་ཡོད་པ་འདྲ། གློ་བོ་དང་ཞང་བོན་གཉིས་ཀྱི་བར་ན་འགྲེལ་མི་བཏུབ་པའི་གཏམ་རྒྱུད་ཀྱི་གསང་པ་མང་དུ་མཆིས་ཤིང་། ཞང་ཞུང་བྱ་རུ་བཅོ་བརྒྱད་ཀྱི་དུས་སུ། གློ་བོ་ནི་ཞང་ཞུང་ཁ་སྐྱོབ་ཀྱི་ཡུལ། མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན་བཅོ་ལྔ་པའི་མངའ་འབངས་ཡིན་པའང་ལོ་རྒྱུས་སུ་གསལ་བས། མདོར་ན་གློ་བོའི་ཡ་ཐོག་གི་ཤེས་རིག་ལོ་རྒྱུས་དང་། སྐད་བརྡའི་ཆོས་ཉིད་ཀྱི་གནས་བབ་དངོས་ལ་འཚོལ་ཞིབ་བྱ་དགོས་ན། ཞང་བོན་གནའ་ཡིག་གི་གསང་གནད་བཀྲོལ་རྒྱུ་ལས་ཐབས་གཞན་མེད་པ་འདྲའོ།།

11.jpg
                                                       བོན་གྱི་མཆོད་རྟེན་སྟེང་གི་རྟགས་བརྒྱད་རི་མོ། 2017/8/12 /རྫ་སྐྱེས་ཕུར་བས་པར་བླངས།

             ཟླ་དེའི་ཚེས་༢༦ཉིན་གྱི་ཆུ་ཚོད༡༢ཙམ་ལ་ང་རང་གནའ་བོའི”བོན་འཁོར”གྱི་དགོན་ཤུལ་དུ་བསྐྱོད་ཅིང་། གློ་བོའི་ས་ཆ་ནི་དུས་རིམ་སྔ་ཕྱི་མི་འདྲ་བ་གཉིས་ཀྱི་ནང་བོན་གྱི་རིག་གནས་འཕེལ་རྒྱས་ཆེན་པོ་བྱུང་མྱོང་ཡོད་ཙང་། གློ་བོ་ནས་བོན་གྱི་ཆགས་འཇིག་གནས་གསུམ་ལ་རྒྱུས་ལོན་ཏིལ་ཙམ་རེ་ཨེ་ནུས་སྙམ་པའི་རེ་ཆགས་ཆེན་པོ་བྱས་ཀྱང་ཉམས་ཆག་ཡུན་རིང་སོང་ཟིན་པས། རྒྱུ་ཆ་ལག་སོན་དང་ཤུལ་ངོས་ངོ་ཐག་ཆོད་རྒྱུ་དཀའ་ཙམ་འདུག་མོད། ཡུལ་འདིའི་ས་ཆ་གང་དུ་སོང་ན་བོན་གྱི་དགོན་ཤུལ་དང་མཆོད་རྟེན་ཞིག་པོ་རེ་ཧ་ལམ་མིག་ལམ་ནས་མི་འབོར་པའི་ཚོད་ཡིན་ལ། སྨོན་ཐང་རྒྱབ་ངོས་ཀྱི་བོན་གྱི་མཆོད་རྟེན་དང་། ཚོ་ཤར་བཀྲིས་གླིང་གི་བོན་གྱི་མཆོད་རྟེན་གཉིས་ད་དུང་ཡང་བང་རིམ་ཁྲིག་མ་འགའ་ཞིག་བར་ཡོད་པ་དང་། མཆོད་རྟེན་དེ་ཀུན་གྱི་རྒྱ་ཁྱོན་དང་མཐོ་ཚད་ཧ་ཆང་ཆེན་པོ་རེད། གཉིས་ཀའི་བང་རིམ་སྟེང་བཀྲ་ཤིས་རྟགས་བརྒྱད་བྲིས་པའི་རི་མོ་ཤིན་ཏུ་གསལ་ཞིང་། <བོན་གྱི་མདོ་དྲི་མེད>དང་། བན་གྱི<བཀྲ་བརྩེགས>སོགས་ན་རྟགས་བརྒྱད་ཀྱི་རི་མོའི་མཚོན་ཐབས་དང་གྲངས་འདྲེན་གསལ་པོར་བཤད་ཅིང་། བོན་གཞུང་དག་ནས་ལོ་ངོ་ཁྲི་ཡི་སྔོན་དུ་རྟགས་བརྒྱད་ཀྱི་རི་མོ་བོན་ནས་དར་བའི་བཤད་རྒྱུན་བཟུང་ཡོད། དུས་ནམ་ཞིག་དང་ཕྱོགས་གང་ནས་དར་མིན་ད་དུང་བཤད་དཀའ་ཡང་། མཆོད་རྟེན་འདི་དག་མ་མཐའ་ཡང་ལོ་བདུན་བརྒྱ་ལྷག་རིང་བདག་མེད་དུ་གཡུག་རྐྱང་བྱས་མོད། ད་དུང་རིག་གནས་ཀྱི་དྲན་པ་བརྟན་སྲུང་བྱ་བའི་ཚུལ་དུ་གནས་འདུག་པ་ནི་དངོས་གནས་ངོ་མཚར་བྱུང་།  

                                               སྨོན་ཐང་གྲོང་སྐོར།    2017/7/21 /རྫ་སྐྱེས་ཕུར་བས་པར་བླངས།

            དེ་བཞིན་བོན་འཁོར་དགོན་ཡང་ད་ལྟ་ནི་འཇིག་སྟེ་གྱང་ཤུལ་འགའ་མ་གཏོགས་ལྷག་མེད་ཀྱང་། གྱང་ཤུལ་དེ་གློ་སྟོད་ཚོ་བདུན་ནང་གསེས་ཚོ་ནུབ་ཕྱོགས་ཏེ། དེ་ལའང་ཡུལ་ཚོ་ཁག་དྲུག་ཡོད་པའི་ཕྲེད་མཁར་གྲོང་ལས་གོམ་པ་བརྒྱ་ཙམ་སོང་བའི་གདོང་སྣེ་ཞིག་ཏུ་ཡོད། གྲོང་མི་འགར་དགོན་དེའི་སྐོར་གྱི་སྐད་ཆ་རེ་དྲིས་པས་གནའ་བོན་གྱི་དགོན་ཤུལ་རེད་ཅེས་པ་ཙམ་དང་། ཡང་གྲོང་མི་ཞིག་གིས་མིང་ལ་བདུད་བཙན་ཟེར་བ་རེད་ཅེས་བཤད་སོང་།  རྒྱུ་མཚན་དྲིས་པས་འདི་རུ་བདུད་དང་བཙན་གཉི་ཀ་གནས་བསྡད་ཡོད་རེད་ཟེར།  དགོན་ཤུལ་རྒྱ་ཆེན་པོ་དང་ཁྱམས་རའམ་གྲྭ་ཤག་གང་ཞིག་གི་ཤུལ་ཡང་རིང་ཙམ་འདུག འདི་ལོར་ཆར་ཆུ་མོད་དྲགས་པས་གྱང་རྙིང་དག་རིམ་བཞིན་འགྱེལ་གྱི་འདུག འདུ་ཁང་ཐོག་བརྩེགས་ཅན་ཞིག་ཡོད་པ་གདུང་མ་ལེན་ཤུལ་གྱང་སྐེད་ན་གསལ་བོ་མཐོང་རྒྱུ་འདུག  “བོན་འཁོར་དགོན”གྱི་ལོ་རྒྱུས་རྒྱུ་ཆ་གསལ་བོ་ཞིག་ལག་སོན་བྱུང་མེད་ཀྱང་། དུས་རབས་བརྒྱད་པའི་གོང་དུ་འཕེལ་རྒྱས་བྱུང་བའི་བོན་གྱི་དགོན་ཞིག་ཡིན་པའི་ངོས་འཛིན་བྱེད་མཁན་དང་།  དེ་ལས་ཀྱང་ཆེས་རིང་པའི་སྔོན་དུ་བྱུང་བ་དང་། དགེ་དཀར་དགོན་གྱི་སྐུ་གསུང་དང་མཆོད་ཆས་མང་པོ་དགོན་འདི་ནས་བྱུང་ཞེས་གླེང་མཁན་མཆིས་ཀྱང་དངོས་བདེན་གྱི་ཁུངས་སྣེ་མ་རྙེད། ཉེ་ལམ་སྨར་རྫོང་བྲག་ཕུག་ནས་ཐོན་པའི་བོན་གྱི་དཔེ་རྙིང་དག་ནི་དུས་རབས་བཅུ་བའི་གོང་གི་ཡིན་པ་ཚན་རིག་གི་གྲུབ་དོན་དུ་ཐག་ཆོད་པར་བཤད་ལ། དཔེ་རྙིང་དེ་དག་བོན་འཁོར་གྱི་ཡིན་པར་ཡང་བཤད།  དེ་ལྟར་ན་མ་མཐའ་ལོ་སྟོང་ལྷག་གི་གོང་ཡིན་པ་གསལ། མིང་གཞན་ལ་འ་པ་སྟོན་པ་གཤེན་རབ་དགོན་ཡང་ཟེར་གྱི་འདུག

11.jpg

                                                       བོན་འཁོར་དགོན་གྱི་གྱང་ཤུལ། 2017/7/21 /རྫ་སྐྱེས་ཕུར་བས་པར་བླངས།

              བདག་རང་གཅིག་པུར་གློ་བོ་སྟོད་སྨད་གཉིས་དང་།ཐ་ཀ་ལིའམ་འཐག་པའི་ཡུལ་བཅས་ལ་ཟླ་ངོ་གཅིག་རིང་དངོས་བསྐྱོད་བྱས། དེ་དག་ལས་གཙོ་བོ་ཚོ་ནུབ་དང་། ཚོ་ཤར། སྨོན་ཐང་།(སྨན་ཐང) ཟུར་ཁང་། གད་སྨད། དགེ་ལུང་།(སྒེར་ལུང་།)  རྩ་དྲང་། (གཙང་རིང་།རྩ་རིང) བཅས་གློ་སྟོད་ཚོ་བདུན་ནང་གི་གྲོང་ཚོ་ཁག་ཉི་ཤུ་ལྷག་དང་དགོན་སྡེ་དུ་མར་སོང་བའི་ཁྲོད། མི་སྣ་བདུན་ལ་རང་རང་གནས་བབ་ཐད་ཀྱི་ཆེད་གཉེར་བཅར་འདྲི་བྱས་ཤིང་། དེ་དག་གི་ཡུལ་གྱི་གཤིས་ལུགས་དང་། སྐད་བརྡའི་གནས་བབ། འཚོ་བའི་རང་བཞིན་སོགས་ལ་རྒྱུས་ལོན་དང་ཁ་འདྲིས་ངོ་འདྲིས་རེ་བྱས་ཏེ་ཡོང་ཡོད། ཉིན་ལམ་གཅིག་ལ་རླངས་འཁོར་བཅུ་གཅིག་བརྗེ་དགོས་བྱུང་ཞིང་། རི་ཉུལ་ལམ་ཆད་ཀྱི་འཇིགས་པས་དཀའ་ངལ་ཕྲན་བུ་རེ་བྱུང་མོད། བསམ་ན་དཀའ་ངལ་ཞིག་ཀྱང་ག་ལ་ཡིན། ད་དུང་ང་རང་གློ་བོ་སྟོད་སྨད་གཉིས་ལ་ཞིབ་བསྐྱོད་ཐེངས་འགར་བྱེད་འདོད་དེ། གློ་བོར་ཡུལ་ལྗོངས་གང་འདྲ་ཞིག་ཡོད་པ་དང་། གནའ་དེང་ཤེས་རིག་གང་འདྲ་ཞིག་ཡིན་པ།  གནས་རྙིང་དང་རྟེན་རྙིང་ག་ཙམ་ཞིག་ཡོད་པ་ནས། ཆོས་རིག་ཤེས་རྟོགས་དང་། སློབ་གསོའི་གནས་སྟངས། ཟས་གོས་དང་འཚོ་བའི་རྒྱུན་སྲོལ་སོགས་ཨ་ཅང་སྣ་མང་ཅན་གྱི་གནས་བབ་དེའི་ཕྱོགས་རེ་ཙམ་ཞིག་མིག་གིས་མཐོང་བ་དང་བློ་ཡིས་ཟིན་པ་རེ་བྱུང་ན་དེ་ཉིད་རང་ཡིག་ཐོག་ལ་དབབ་སྣོན་བྱ་འདོད། ཕྱི་གླིང་པ་དག་གིས་གློ་བོར་དོ་སྣང་བྱས་པ་ནི་ཨ་ཅང་ཤས་ཆེན་པོ་རེད་ལ། དབྱར་དགུན་ནམ་ཡིན་ཡང་ཁོ་ཚོའི་ལྗོངས་རྒྱུའི་འགྲུལ་བཞུད་རྒྱུན་ཆད་མྱོང་མེད། དེ་བཞིན་རྒྱུས་ལོན་རྩོམ་ཡིག་བྲིས་པའང་ཤིན་ཏུ་མང་། སྐོར་ཞིག་ནི་ཆེད་ལས་ཞིབ་འཇུག་པའི་མིང་ཐོག་ནས་ཡོང་པས་སྣེ་ཤན་དང་ཞིབ་འཇུག་གི་རྒྱུ་ཆ་མཁོ་སྤྲོད་བྱ་མཁན་ཡོད་ལ། ས་གཤིས་དང་ས་བབ་མཐོ་ཚད། རིག་དངོས་གསར་རྙིང་སོགས་ལ་བརྟག་ཆས་བདེ་མོ་རེ་ཡང་བཟུང་ནས་ཡོད། ཁོ་ཚོས་གློ་བོའི་ས་ཁམས་ས་གཤིས་དང་། གནའ་བོའི་ཤུལ་ངོས། དངོས་ཆས་རྙིང་པ། སྐད་བརྡ།  གློ་བོའི་མཁས་པ་རིམ་བྱོན་སོགས་ཕྱོགས་མང་པོར་ཞིབ་འཇུག་བྱས་ཏེ། དེང་གི་གློ་བོའི་གནས་བབ་གང་ཞིག་ཡིག་ཐོག་ནས་འཚོལ་དགོས་ན་ཨིན་ཡིག་ཐོག་ཅུང་སྣ་འཛོམས་ཡིན་པའི་ཆ་རྐྱེན་ཞིག་བསྐྲུན་ཡོད་ལ། ཨིན་ཡིག་གི”གློ་བོའི་སྐད་ཀྱི་ཚིག་མཛོད”ཀྱང་བཟོས་ཡོད།  འོན་ཀྱང་གློ་སྐད་ཀྱི་ཚིག་མཛོད་ཡིག་རིགས་གང་ལ་བཟོ་དགོས་ན། ཐོག་མར་གློ་སྐད་གང་ལས་གྲུབ་པའི་མངའ་རིས་ཀྱི་སྐད་དང་གནའ་ཡི་ཞང་ཞུང་གི་སྐད། ད་ལྟའི་ངག་ཐོག་གི་གློ་སྐད་གསུམ་གཤིབ་བསྡུར་དང་། བོད་ཡིག་སྤྱིའི་དག་ཐོབ་ལ་ཞིབ་འཇུག་དགོས་པ་གནས་ལུགས་ཡིན་མོད། ཁོ་ཚོས་དེ་ལྟར་ཡེ་མ་བྱས་པར་ཡུལ་སྐད་ཀྱི་སྒྲ་སོར་བཞག་དང་བལ་པོའི་ངག་ལམ་གྱི་སྒྲ་གདངས་གཞིར་བཞག་བྱས་པ་མང་པས། ཚིག་མཛོད་དེའི་གློ་སྐད་ལ་གཞི་འཛིན་ས་མེད་པ་དང་། ཐ་སྙད་དག་ལ་ནོར་འཛོལ་ཨ་ཅང་ཤོར་ཏེ། དོན་དངོས”གློ་སྐད་འཕེལ་རྒྱས”ལ་འགལ་རྐྱེན་བཟོས་ཡོད་པ་རེད། དཔེར་ན་སྨོན་ཐང་ལ་མི་རྟཱང་དང་། ཨ་ཅེ་ལ་ཨེས་རྗེའི་དང་། “བུ་ཚ”ལ་པུས་ཚ་ཟེར་བ་ལྟ་བུ་རེད།

         གློ་བོའི་སྐྱེས་ཆེན་དག་གི་རང་རྣམ་དང་། རྒྱལ་རྒྱུད་ཁག་གི་ལོ་རྒྱུས། རྒྱལ་རབས་རེ་རེའི་ཁྲལ་ཐོ་དང་བཅའ་ཡིག ལྷ་ཁང་སོ་སོའི་དཀར་ཆག་དང་བེམ་ཆག བསང་ཡིག་དང་མོ་ལྷ་སོགས་བོད་ཡིག་རྐྱང་རྐྱང་དུ་བྲིས་ཡོད་ལ། ད་དུང་གང་འཚམས་རེ་ཟུར་ལྟ་བྱ་སར་ལྷག་ཡོད་པས་གློ་སྐད་ཀྱི་དངོས་ཡོད་གང་ཡིན་གཞི་བཅོལ་ས་ཞིག་ལོས་ཀྱང་ཡོད། གློ་བོའི་གནའ་རབ་ལོ་རྒྱུས་ཀྱི་ཡིག་ཐོག་གི་རྒྱུ་ཆའི་བརྒྱ་ཆ་དགུ་བཅུ་བོད་ཡིག་ཡིན་པ་དང་། དེང་གི་སྐབས་ཀྱི་གནས་ཚུལ་མང་པོ་བལ་ཡིག་དང་ཨིན་ཡིག་སྟེང་འགོད་ཀྱི་ཡོད་པ་རེད། མ་གཞི་བོད་ཡིག་ནང་དེང་གི་གློ་བོའི་སྐོར་གྱི་ཤེས་བྱ་རྒྱུན་ཆད་པ་ལྟ་བུ་རེད་ལ། གནས་བབ་ཀྱི་རྐྱེན་པས་བོད་ཡིག་ཚིག་མཛོད་དང་དག་ཡིག་ཁག་གི་མིག་ཀྱང་གློ་ཕྱོགས་སུ་ཕྱེ་ཐུབ་མེད་པ་རེད། རེད་དེ། གློ་བོ་རང་ནས་ཐོན་པའི་དུས་དེབ<གློ་བོའི་དུས་བབ>དང་། མཁན་པོ་བཀྲ་ཤིས་བསྟན་འཛིན་གྱི<གློ་བོའི་ཆོས་འབྱུང་ལོ་རྒྱུས།> ངག་དབང་འཇིགས་མེད་ཀྱི<དེབ་ཆུང་སྔ་ཕྱི་གཉིས།> ཚེ་རིང་བསམ་གྲུབ་ཀྱི་གློ་བོའི<རྩྭ་སྨན་ངོས་འཛིན་དེབ>སོགས་བོད་ཡིག་རང་དུ་བྲིས་ཡོད་ལ། གློ་བོའི་དགོན་ཁག་གི་དུས་དེབ་རེ་འགའ་འང་པར་བསྐྲུན་བྱས་ཡོད། 

            གནས་བབ་དེ་འདྲ་རེད་མོད་བོད་ཀྱི་སྔོན་རབབ་མཁས་པས་གློ་བོར་དོ་སྣང་བྱས་མེད་པ་ག་ལ་ཡིན་ཏེ། གཙང་སྨྱོན་ཧེ་རུ་ཀ་རས་པའི་རྒྱན་ཅན།  ངོར་ཆེན་ཀུན་དགའ་བཟང་པོ། ཀཿ་ཐོག་རིག་འཛིན་ཚེ་དབང་ནོར་བུ། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་སོགས་ལན་བཞི་དང་གསུམ་དང་གཉིས་བཅས་ལ་ཕེབས་ཏེ་གློ་བོའི་ཆོས་དང་རིག་གནས་ལ་བདག་སྐྱོང་གནང་པ་མ་ཟད།  གློ་བོའི་ཆོས་སྲིད་ཀྱི་གནས་ཚུལ་རྣམས་སོ་སོའི་རང་རྣམ་དང་ཆབ་ཤོག་ནང་བྲིས་ཡོད་ལ། ཟུར་བཀར་དུ་བྲིས་པའང་ཡོད། མ་ཟད་མངའ་རིས་པན་ཆེཎ་པདྨ་དབང་རྒྱལ། གློ་བོ་མཁན་བསོད་ནམས་ལྷུན་གྲུབ། གློ་བོ་ལོ་ཙྭ་པ་ཤེས་རབ་རིན་ཆེན།  རྗེ་བཙུན་ཀུན་དགའ་གྲོལ་མཆོག་སོགས་གློ་བོ་རང་སའི་མཁས་པ་དག་གིས་ཀྱང་རང་རང་གི་གསུང་འབུམ་མང་དུ་བརྩམས་པའི་ཁྲོད་ན་གློ་བོའི་ཆོས་སྲིད་ཀྱི་གནས་ཚུལ་མང་དུ་གསལ་ཡོད། བར་ལམ་ཞིག་ནས་གློ་བོ་ཆབ་སྲིད་ཀྱི་སྒྲིག་ཁོངས་གཞན་དུ་གཏོགས་པར་གྱུར་ཀྱང་། “གློ་ལྗོངས་ཆོས་ཀྱི་ཞིང་ས”ཞེས་འབོད་པའི་ཡུལ་གྲུ་ཆུང་ཆུང་དེ་ནི་བོད་ཀྱི་ཆོས་དང་རིག་གནས་སྒྲོག་སྤེལ་བྱ་སའི་ཁོར་ཡུག་ཅིག་ཏུ་གྱུར་ཞིང་། སྔར་བཞིན་འབྲེལ་འདྲིས་ཀྱི་གོམ་པ་མཉམ་སྤོ་བྱས་ཏེ་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྟེང་གསེར་ཟམ་མཉམ་བསྐྲུན་གྱི་འབད་པ་བྱས་ཡོད། སྲིད་ཁོངས་གཞན་དུ་གཏོགས་པའི་དུས་རབས་གཅིག་དང་ཕྱེད་ལྷག་གི་རིང་གློ་བོས་བོད་ཀྱི་ཆོས་དང་རིག་གནས་གཉིས་ལ་ཁ་བྲལ་གཏན་ནས་བྱས་མེད་པ་ནི། ལོ་རྒྱུས་ཀྱིས་བརྗེད་མི་སྲིད་པའི་མཚན་བྱང་རིང་མོ་ཞིག་རེད་ལ། ང་ནི་ལོ་རྒྱུས་ཀྱི་མཚན་བྱང་དེ་ལ་མཇལ་བར་དད་གུས་ཆེན་པོ་སྐྱེས་ཡོད། གློ་བོ་ངག་དབང་འཇིགས་མེད་ཀྱི<མཐོང་ཀུན་དད་གྲོལ>ནང་དུ”གློ་བོའི་ལོ་རྒྱུས། རིག་གནས། བསམ་སྤྱོད། གོམས་གཤིས། རྩོམ་རིག་སྒྱུ་རྩལ་གྱི་ངོ་བོ་སོགས་གང་ཅིར་དཔོགས་ནའང་གནའ་བོའི་བོད་ཀྱི་ཕུལ་བྱུང་རིག་གནས་ཀྱིས་ཁེབས་ཡོད། མ་ཟད་སྤྱི་ཚོགས་འཕེལ་རིམ་ཁྲོད་ཤན་ཤུག་ཀྱང་རྒྱ་ཆེན་པོ་ཞུགས། ལྷག་པར་གློ་ལྗོངས་ཀྱི་སྙན་གྲགས་ཆེ་བའི་མཁས་གྲུབ་རྣམས་ཀྱིས་མདོ་སྔགས་ཀྱི་དཀའ་འགྲེལ། ཆོས་འབྱུང་། ལོ་རྒྱུས། རྣམ་ཐར། རྟོགས་བརྗོད། ལེགས་བཤད་སོགས་གྲངས་ཀྱིས་ལང་པ་མཛད། འདི་དག་ལ་བསམ་གཞིགས་བགྱིས་ཚེ་གློ་བོའི་ཆོས་དང་རིག་གནས་ཀྱི་གྲུབ་ཆའི་ངོ་བོ་ཡང་བོད་ཀྱི་ཆོས་དང་རིག་གནས་ལས་མ་འདས་ཡིན་ཞེས་མགྲིན་པ་གཟེངས་སུ་བཏེགས་ཏེ་བརྗོད་ཆོག་གོ”‘ཞེས་བྲིས་ཡོད་ལ། གློ་བོའི་ཡུལ་མི་དང་གྲྭ་བཙུན་དག་ལ་གླེང་མོལ་བྱས་པ་ལས་མཐོང་བའང་དེ་རང་ཡིན།  

           ང་རང་སྨོན་ཐང་ཆོས་སྡེ་དགོན་དུ་ཡོད་སྐབས་དེ་གའི་སློབ་གྲྭ་ནས་སློབ་མའི་<ངག་རྩལ་འགྲན་བསྡུར>གྱི་བྱ་འགུལ་ཆུང་ཆུང་ཞིག་བསྡུས་ཤིང་། སློབ་སྤྱི་ལགས་ཀྱིས་དཔྱད་འདེམས་པ་བྱོས་ཞེས་ལབ་པ་བཞིན་ཁོང་ཅག་དང་ཉེ་བར་བཅར་བ་ཡིན། འགྲན་བསྡུར་དེར་སློབ་མ་ཆུང་ཆུང་ལྔ་བཅུ་ང་གཉིས་མཉམ་ཞུགས་བྱས་ཤིང་དེའི་ཁྲོད་ཀྱི་སློབ་མ་ཐམས་ཅད་གློ་བོ་གཅིག་པུའི་མིན་པར་དགུ་རོང་དང་། དོལ་པོ། འུམ་ལ་སོགས་ས་ཁུལ་མང་པོ་ནས་འདུག་ལ། འགྲན་བསྡུར་དེའི་དམིགས་ཡུལ་ནི་སློབ་མ་ཚོར་བོད་སྐད་སྒྲ་གདངས་དག་མོ་ཞིག་ཆགས་ཐབས་དང་། འགྲན་བསྡུར་གྱི་ངོ་བོའང་སྡེ་ཁག་སོ་སོའི་སློབ་བུ་རྩེ་ཕུད་རེ་སྟེགས་བུར་བསྐྱོད་དེ་བོད་སྐད་ཐོག་གཏམ་བཤད་སྤེལ་པ་དང་སྙན་ངག་གྱེར་རྒྱུ་དེ་རེད། ཁོ་ཚོས་དེ་ལྟར་གང་ནུས་ཅི་ཡོང་གིས་འབད་པ་བྱེད་ཀྱི་འདུག་ལ། སློབ་སྤྱི་དང་མཁན་པོ་གཉིས་ཀྱིས་ལབ་པ་བཞིན་ཁོང་ཚོར་བོད་ཡིག་དགེ་རྒན་ཡག་པོ་ཞིག་མེད་པའི་དཀའ་ངལ་ཆེ་ཞིང་། གློ་བོའི་སློབ་ཁུལ་གཞན་ལའང་དཀའ་ངལ་དེ་རང་འཕྲད་ཀྱི་འདུག  

        རྒྱུ་ཆས་འདང་ཞིང་དཔྱོད་པས་ལྕོགས་ཚེ་གློ་བོའི་ཡུལ་སྐོར་ཆེད་དེབ་ཀྱི་བཟོ་ཞིག་འབྲི་འཆར་སྟེང་། སྣ་ཟིན་སྤུ་ཟིན་གྱི་རྨང་གཞིའི་ཡིག་ཚགས་ཙམ་གྲུབ་པར་བྱས་ཡོད་པས། གོང་དུ་མིང་ཙམ་གསལ་བ་དང་མི་གསལ་བའི་གློ་བོའི་གནས་བབ་ཀྱི་ཆ་སོ་སོའི་ངོ་སྤྲོད་ཅིག་ཡོང་སྲིད་ཀྱང་ཐང་མོད། གྲྭ་རྐྱང་དཀྱུས་མ་ཞིག་གི་ལྗོངས་རྒྱུའི་གནས་བབ་འོག་ནས་ཐོན་པའི་བྲིས་རྩོམ་ཞིག་ལ་ཞིབ་འཇུག་རྒྱ་ཆེ་ཞིང་། རྒྱུས་ལོན་གཏིང་ཟབ་པ་ཞིག་ཡོད་མི་སྲིད་དོ།། མཇུག་མཐར་ངས་ཡུལ་འདིའི་ཤེས་རིག་དར་རྒྱས་ཡོང་བའི་སྨོན་ལམ་བཏབ་པ་ཡིན། ཚང་མ་ཞལ་དྲོ།།


རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།