
གངས་ཅན་ལྷ་གཅིག་པད་དཀར་འཆང་།
——ཉི་མ་རྒྱལ་མཚན། (དོལ་པོ་བན་ཚང་།)
རབ་དཀར་ཁ་བའི་དུང་ལོས་གཡོགས་པ་ཡི།།
ཤེལ་དཀར་གངས་རིའི་འཕྲེང་བས་འཁྱུད་པའི་དབུས།།
པད་དཀར་སྙིང་རྗེའི་རང་གཟུགས་བླ་ན་མེད།།
བློ་དཀར་དད་པའི་ཉིང་ཁུ་ཁྱེད་ལ་འབུལ།།
ཐུགས་རྗེ་ཆེན་པོ་པདྨ་འཛིན་པ་ཡི།།
རྩོད་ལྡན་སྙིགས་མའི་འདམ་ལ་བྱིངས་པའི་འགྲོར།།
མུ་མེད་དཀའ་སྡུག་ཐུགས་ཀྱིས་མ་བཟོད་ཅིང་།།
སྤྲུལ་པའི་རོལ་གར་རིམ་པས་འགྲོ་དོན་མཛད།།
སྐུ་འཕྲེང་རིམ་བྱོན་མུན་གླིང་འདིར་ཕེབས་ནས།།
སྐུ་མཁྱེན་ཤེས་བྱའི་ས་བོན་འདབ་མ་བརྒྱ།།
སྐུ་ཡི་གདུལ་བྱར་བུམ་པ་གང་བྱོའི་ཚུལ།།
སྐུ་ཁམས་བདེ་མོས་གནང་བ་ཨེ་མ་རྨད།།
ཇི་ལྟར་ཨ་སྔོན་དབྱིངས་ན་སྐར་ཚོགས་བརྒྱ།།
དེ་ནང་སྐར་ཆེན་ཞིག་གིས་འཇིག་རྟེན་གསལ།།
དེ་ལྟར་མཁྱེན་པའི་ཡེ་ཤེས་བཅུ་བཞིའི་ཀློང་།།
མགོན་ཁྱེད་ཡིད་བཞིན་ནོར་བུ་སྲིད་ན་གྲགས།།
འགྱུར་མེད་བསྟན་པའི་བླ་སྲོག་རྗེ་འདི་ཉིད།།
འགྱུར་ཁུག་པི་ཝང་གླིང་བུའི་དབྱངས་སྙན་ཞིག།
འགྱུར་འགྲོ་དུས་རབས་གསར་པའི་མི་ཚོགས་ལ།།
འགྱུར་ཆོས་ཡིད་ཀྱི་གསོས་སྨན་དབྱར་རྔ་ལྡིར།།
སྐྱེ་འགྲོའི་རྨོངས་མུན་སེལ་བའི་འོས་འགན་ཞིག།
ལྷག་བསམ་གངས་རི་དཀར་པོའི་ཕྲག་ལ་བཞེས།།
ཕུལ་བྱུང་དལ་འབྱོར་ཐོབ་པའི་གསོལ་རས་སུ།།
བཀའ་སློབ་ལམ་སྟོན་གནང་བར་ཡིད་སྨོན་འཆོར།།
ཕྱི་རོལ་རྟོག་གེ་འགའ་ཡི་དགག་པ་ཀུན།།
ཕྱི་ནང་གཉིས་མེད་རིགས་པའི་གཞུང་དྲངས་ནས།།
ཕྱི་བ་གསལ་པའི་དོན་དམ་མཐར་བསྐྱལ་ཏེ།།
ཕྱི་མ་ངེས་ལེགས་ཐོབ་པའི་ལམ་ལ་བཀོད།།
ཁྱེད་ཞལ་ཆུ་སྐྱེས་འཛུམ་གྱིས་ཁེངས་འདྲ་དེ།།
འཁོར་བར་སྲེད་པའི་སྤྱི་གཙུག་གནམ་སྟེགས་པས།།
རྟག་ཏུ་རྟ་བདུན་དབང་པོའི་གཟི་མདངས་བཞིན།།
མཇལ་བའི་སྐལ་བ་བཟང་པོ་བསྩལ་དུ་གསོལ།།
ཕྱི་ཟླ་༢༠༡༥ །ཟླ་༠༨ ཚེས་༡༦ ཉིན་ཉི་མ་རྒྱལ་མཚན་ནས།

རང་གི་ནུས་པ།
——ཤེས་རབ་སྒྲོལ་མ། (དོལ་པོ་བན་ཚང་།)
གངས་རི་མཐོན་པོའི་སྐེད་ན།།
སེང་གེ་གཡུ་རལ་ངོམ་གྱི།།
རང་གི་གནས་ཡུལ་ཡིན་ཟེར།།
འགྱིང་བཞིན་འགྱིང་བཞིན་ཕྱིན་སོང་།།
ཆུ་མོ་རྒྱ་མཚོའི་དཀྱིལ་ན།།
གསེར་ཉ་ཕར་རྒྱུག་ཚུར་རྒྱུག།
ལྟ་བའི་མིག་ལ་མཛེས་པ།།
ལས་ཀྱི་མདུད་པ་འདྲ་བྱུང་།།
སྤང་རི་སྨུག་པོའི་འདབས་ལ།།
ཤ་བ་བྲོ་ལ་བབས་འདུག།
ཞི་བདེ་ལྷིང་འཇགས་ངང་ལ།།
མ་འཕྲད་བུ་འཕྲད་བྱས་སོང་།།
སྤང་རྒྱན་སྤང་ལ་མཛེས་བྱུང་།།
བྲག་རྒྱན་བྲག་ལ་མཛེས་བྱུང་།།
རང་རང་སོ་སོའི་གནས་ལ།།
རང་རང་ཉི་འོད་ཡིན་བསམ།།
ཁུ་བྱུག་གླུ་དབྱངས་སྙན་ཡང་།།
ཤོག་སྒྲོ་རྨ་བྱ་མཛེས་བྱུང་།།
ཁྲུང་ཁྲུང་རྐང་པ་རིང་ཡང་།།
རི་བོང་སྔོན་ལ་ཤོར་སོང་།།
དེ་ལྟར་ལེགས་པར་གཟིགས་དང་།།
རང་རང་ནུས་པ་མཁྱེན་ཡོང་།
བློ་སེམས་གཅིག་ཏུ་བསྒྲིལ་ནས།།
རང་ལ་ཡིད་ཆེས་མཛད་རོགས།།
ཁྱེད་ལ་ཡོད་པའི་ནུས་པ།།
ཁྱེད་ཀྱི་ཁྱད་ཆོས་ཡིན་ནོ།།
ཁྱད་ཆོས་དེ་ལ་དཔགས་པའི།།
བྱ་བའི་རྣམ་གཞག་མཛད་རོགས།།

མཆོག་སྤྲུལ་རྡོ་རྗེ་ཚེ་དབང་ལ་བསྟོད་པ།
——པདྨ་ལྷ་མོ། (དོལ་པོ་ཀོ་མང་།)
ལྷ་ཡི་གངས་སེང་དཀར་མོ།།
ཀོ་མང་ཡུལ་དུ་བྱོན་སོང་།།
འགྲོ་དོན་གཡུ་རལ་སྔོན་མོའི།།
གཟི་མདངས་ཕྱོགས་སུ་ཁྱབ་སོང་།།
བྱམས་སེམས་ཉི་འོད་གཞོན་ནུ། །
ཀོ་མང་ཡུལ་དུ་འཕྲོས་སོང་།།
རྒན་གཞོན་ཡུལ་མི་ཡོངས་ཀྱི།།
འཚོ་བ་དྲོད་ཀྱིས་བཀང་སོང་།།
བརྩེ་བའི་རི་བོང་ཅན་དེ།།
ཀོ་མང་ཡུལ་དུ་ཤར་སོང་།།
མི་ཤེས་རྨོངས་པའི་གྲོང་ལ།།
ཤེས་བྱའི་འོད་སྟོང་འཕྲོས་སོང་།།
སྙིང་རྗེའི་བདག་ཉིད་ཅན་དེ།།
ཀོ་མང་ཡུལ་དུ་བྱོན་སོང་།།
འཛུབ་སྟོན་འབུམ་ཕྲག་མང་པོས།།
བདེ་བའི་ལམ་དུ་བཀོད་སོང་།།
ལྷག་བསམ་བྲག་དམར་སྲ་མོ།།
ཀོ་མང་ཡུལ་དུ་ཆགས་སོང་།།
མི་འགྱུར་གཞན་དོན་བསམ་པས།།
ཡུལ་མི་གཉིད་ལས་སད་སོང་།།