བལ་ཡུལ་ནས་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཚོགས་འདུ་བསྡུས་པ།

594

thumbnail (12).jpg
ཆེད་ཞུས་མི་སྣ་དང་གོ་སྒྲིག་ལས་མི་ལྷན་འཛོམས།  _པར་བ།  ལྷག་པ་ཚེ་རིང་།

        ཕྱི་ལོ་2018/ལོའི་ཟླ2ཚེས་17ཉིན་དོལ་པོའི་རྩོམ་རིག་གི་ཤོག་ཁ་སྟེ་དོལ་པོའི་འཚོལ་སྨྱུག་ཚོགས་དང་། དོལ་པོའི་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་མཉམ་སྒྲུབ་བྱས་པའི་ཧི་མ་ལ་ཡའི《སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ》ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་བལ་པོའི་རྒྱལ་ས་ཀ་ཏ་མན་ཊ་རུ་ཡོད་པའི་བོད་ཀྱི་མགྲོན་ཁང་དུ་བསྡུས། ཚོགས་འདུ་དེར་ལོ་རྒྱུས་འབུམ་རམས་པ་ཆོས་འཁོར་ཚང་ཉི་མ་འོད་ཟེར་ལགས་དང་། བལ་པོའི་གདོད་མའི་མི་རིགས་ཚོགས་པའི་དྲུང་ཆེ་ཤར་པ་ཨང་ཀ་ཅི་ལགས། གློ་བོའི་ས་སྐྱ་ནང་པའི་ཚོགས་གཞོན་བཀྲ་ཤིས་ཚེ་རིང་ལགས། དོལ་པོ་སྤྲུལ་སྐུ་ལགས་བཅས་ཆེད་ཞུས་གཏམ་བཤད་པར་གསལ་འདེམས་བྱས་ཁར། ཚོགས་ཞུགས་མི་གྲངས་བརྒྱ་དང་ལྔ་བཅུ་ལྷག་ཅིག་ལྷན་འཛོམས་བྱས།thumbnail (10).jpg

ཆེད་ཞུས་གཏམ་བཤད་པ།   པར་བ། ལྷག་པ་ཚེ་རིང་།

       ཆོས་འཁོར་ཚང་ཉི་མ་འོད་ཟེར་ལགས་ཀྱིས་ཆེད་ལས་ཞིབ་འཇུག་གི་རྩ་དོན་ཡོད་པའི་དོལ་པོའི་ལོ་རྒྱུས་དང་འབྲེལ་ཏེ། ལོ་རྒྱུས་ཀྱི་འགྱུར་འགྲོས་མང་པོའི་ཐད་ལ་གཏམ་གལ་ཆེན་བཤད་པ་དང་། ལྷག་པར་གང་ལ་བོད་ཡིག་དང་གང་དུ་བོད་སྐད་ཅེས་ལབ་དགོས་མིན་གྱི་དྲི་བ་ཞིག་ལ་ཁོང་གིས་དྲིས་ལེན་འདི་ལྟར་བཏབ་ཡོད་དེ། “ངས་འདིའི་སྐོར་ལ་གཅིག་ཞུ་འདོད་བྱུང་་སོང་། སྤྱིར་བཏང་ང་འདིའི་སྒང་ལ་བསམ་བློ་མང་པོ་གཏོང་མཁན་ཞིག་ཡིན། གཅིག་བྱས་ནས་ཏོག་ཙམ་ངའི་བསམ་བློ་གཏོང་སྟངས་དེ་ལོགས་པ་ཡིན་སྲིད་པ་རེད། གང་ཡིན་ཟེར་ན་འདི་འདྲའི་ལངས་ཕྱོགས་སྒང་ལ་དཀའ་ངལ་འཕྲད་བསྡད་ཡོད་པའི་ས་ཆ་མང་པོ་ཞིག་ལ་འགྲོ་མྱོང་། ལྷག་པར་འབྲུག་ལ་འགྲོ་མྱོང་། འབྲུག་ལ་དཀའ་ངལ་འདི་ཡོད་རེད། འབྲུག་རྒྱལ་ཁབ་ཀྱི་སྐད་དེ་རྫོང་ཁ་དང་། ཡི་གེ་རྫོང་ཁར་བཟོས་པ་རེད་མ་གཏོགས། ཁོ་ཚོར་དཀའ་ངལ་རབ་དང་རིམ་པ་འཕྲད་ཀྱི་འདུག མི་རིགས་ཁོ་རང་གི་ནང་ལའང་དུམ་བུ་གཉིས་འདུག འབྲུག་གི་སྨན་གྱི་ཚོགས་འདུ་ཆེན་པོ་ཞིག་ལ་འགྲོ་མྱོང་། ང་ཚོའི་སྨན་ལ་བོད་སྨན་ལབ་ཀི་རེད་བཱ། ཁོ་ཚོའི་རྒྱལ་ཁབ་ཀྱི་ངོས་ནས་བོད་སྨན་ལབ་ཆོག་གི་མི་འདུག ང་ཚོ་ཚང་མས་བོད་སྨན་བོད་སྨན་ཞེས་ལབ་ཡོང་དུས་ཁོ་ཚོས་དོགས་མི་བདེ་པར་བྱེད་ཀྱི་འདུག ཡིན་ནའང་ཡིན་རྒྱུ་དེ་བོད་སྨན་ཡིན་བསྡད་ཡོད་རེད། དེ་བས་བོད་སྨན་ལབ་མ་ཆོག་དུས་གོ་བརྡ་འཕྲོད་ཀི་ཡོད་པ་མ་རེད། དེ་ན་སྨན་གྱི་མིང་ལ་ག་རེ་ལབ་དགོས་རེད་དྲིས་དུས། ནང་པའི་སྨན་ལབ་དགོས་རེད་ཟེར་གྱི་འདུག དེ་ལ་གོ་རྒྱུ་ཟེར་ཡ་གང་མི་འདུག་ག དེ་སྨན་ཡིན་པ་ལས་ཆོས་ནི་མ་རེད།  དེའི་དཀའ་ངལ་དེ་ང་ཚོ་གཅིག་པུའང་མ་རེད། དཀའ་ངལ་འདི་ཚང་མ་ལ་ཡོད་པ་རེད། ད་དུང་འབར་མའི་ནང་དུ་བོད་པ་ཡོད་རེད། དེ་ཕལ་ཆེར་གྱིས་མཁྱེན་གི་ཡོད་རྒྱུ་མ་རེད། པ་ཀི་སུ་ཐན་ནང་ནའང་བོད་པ་ཡོད་རེད། དེ་ཚང་མས་མཁྱེན་གི་ཡོད་རྒྱུ་རེད། ཆོས་ཀྱི་དཀའ་ངལ་ཏོག་ཙམ་འཕྲད་ཀི་ཡོད་པ་མ་གཏོགས་ང་ཚོ་ནང་བཞིན་བོད་པ་གཙང་མ་རེད། (ད་ལྟ་ཚོ་ཤོག་དེའི་མིང་ལ་དཀར་རྡོ་ཞེས་འབོད་ཀྱང་གནའ་བོའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་ནམ་གུང་ཞེས་གསལ།) དེ་ཚོའི་མིང་འབོད་སྟངས་ཚུན་ཆད་ཀྱང་ང་ཚོ་ནང་བཞིན་ཡོད་རེད། དཔེར་ན་ཚངས་བཀྲ་ཤིས་ཟེར་བ་འདྲ་བོ། བསྟན་རྒྱལ་མཚན་ཟེར་བ་འདྲ་བོ་ཁོ་ཚོས་མིང་འབྲི་སྟངས་དེ་འདྲ་ཡོད་རེད། ཁོ་ཚོ་ཁ་ཆེའི་ཆོས་ལུགས་ཤུགས་ཆེན་པོ་དང་། ཨ་རབ་ཀྱི་དེ་འདྲའི་ཁྲིམས་བཙན་པོའི་འོག་ན་ཡོད་རུང་། ང་ཚོའི་སྐད་དེ་བོད་སྐད་ཡིན་དཱ།  ང་ཚོའི་ཡི་གེ་དེ་བོད་ཡིག་ཡིན་དཱ་ཟེར་ནས་ལས་འགུལ་སྤེལ་གྱི་ཡོད་རེད། ད་དུང་རྒྱ་གར་ནང་ལ་མགོ་ལ་དྭགས་ནས་བཟུང་སྟེ། མཇུག་འབྲས་ལྗོངས་ལ་ཐུག་གི་བར་དུ་མི་འབུམ་ལྔ་ཡོད་ཟེར་གི་ཡོད་རེད། ལས་འགུལ་སྤེལ་མཁན་ཡང་མང་པོ་ཡོད་རེད། དངོས་གནས་རྒྱ་གར་གྱི་ཁྲིམས་ཀྱི་འགྲོ་ལུགས་ལྟར་བྱས་ན་འབུམ་ལྔའི་ཚད་གཞི་ལོངས་ན་རྒྱ་གར་གྱི་དཔེ་ཤག(ཤོག་དངུལ)་སྟེང་ལ་བོད་ཡིག་སླེབས་ཐུབ་ཀི་ཡོད་རེད། དེ་འདྲ་ཡིན་ནའང་ང་རང་ཚོའི་སོ་སོའི་མི་ཕྱེད་ཀ་དེ་ཞེད་བསྡད་ཡོད་རེད། དེ་ཞེད་དགོས་ཡ་ཡོད་མ་རེད།thumbnail (3).jpg

དེབ་གསར་དབུ་འབྱེད་བྱེད་སྐབས།  པར་བ། ལྷག་པ་ཚེ་རིང་།

        ང་ཚོར་ནག་རིག་ཏཱ་(བལ་པོའི་མི་སེར་ལག་ཁྱེར་གྱི་མིང)སྤྲད་དུས། དེའི་སྟེང་ལ་ག་རེ་བྲིས་འདུག ཚྭ་དགའི(དོལ་པོའི་ཡུལ་ཚོ་ཞིག)མི་ལ། བྷོ་ཊ། གུ་རུང་།(སྒོ་སྲུང) བླ་མ་ཞེས་གསུམ་ག་བྲིས་འདུག་ག  བྷོ་ཊ་ཡིན་ཞེས་སྤྲད་ཚར་དུས། ང་ཚོ་བྷོ་ཊ་ཡིན་ཞེས་ལབ་པར་ག་བར་ཞེད་དགོས་རེད།  ད་སྔོན་མ་ནས་ཚར་ཚར་པ་རེད་མ་གཏོགས། ང་ཚོ་ལ་གུ་རུང་གཏགས་པ་དེ་ང་ཚོ་ལ་ཐུབ་ཚོད་བཏང་པ་མ་རེད་དཱ།དངོས་གནས་བྱས་ན་གུ་རུང་ལ་མཐོང་ཆུང་བཏང་པ་རེད། སྐད་ཡིག་ཡོད་མཁན། རིག་གཞུང་ཡོད་མཁན་ཞིག་། མི་རིགས་ཡོད་མཁན་ཞིག་ཁྱོད་ཚོ་རེད་ཟེར་དུས་ཁོ་ཚོ་རྩ་མེད་གཏང་པར་འགྲོ་བ་རེད། སྔར་བཤད་པ་བཞིན་ང་ཚོའི་སྐད་བོད་སྐད་རེད། ཡི་གེ་བོད་ཡིག་རེད། དེ་ལབ་པར་ཞེད་དགོས་པ་གང་ཡང་ཡོད་མ་རེད། དེ་ལ་གནད་འགག་གང་ཡང་ཡོད་མ་རེད།  ཡར་རྒྱས་སོང་ཟིན་པའི་ཤར་ནུབ་ཀྱི་རྒྱལ་ཁབ་སྐད་གྲགས་ཅན་དེ་འདྲ་ལ་དཔེ་ལེན་ཆོག་པ་རེད། དཔེར་ན་སིད་སི་རྒྱལ་ཁབ་ལྟ་བུར་དཔེར་བླངས་ན། གཞུང་གི་སྐད་བཞི་ཡོད་པ་རེད། གླ་གཏོང་ཁ་ལོ་པ་དག་གིས་སྐད་བཞི་སྦྱང་དགོས་ཟེར་ས་དེ་སིད་སི་རྒྱལ་ཁབ་རེད། ད་དུང་ཡར་རྒྱས་ཧ་ཅང་ཆེ་བའི་ཁ་ན་ཊ་རྒྱལ་ཁབ་ལ་སྐད་གཉིས་ཡོད་པ་རེད།  དེ་མིན་ཡར་རྒྱས་མེད་པའི་རྒྱལ་ཁབ་དག་གིས་བཙན་དབང་བྱས་ཏེ། ཚང་མ་ང་ཚོའི་སྐད་ཡིག་འོག་ལ་འགྲོ་དགོས་ཟེར་ནས་རྩ་མེད་གཏང་རྒྱུ་བྱེད་ཀི་ཡོད་པ་རེད། དེ་ལྟར་རྡུགས་དུས་དང་ཡར་རྒྱས་མེད་པའི་སྐབས་ལ་བྷོ་ཊ་ལབ། ཡང་ཡར་རྒྱས་ཡོང་བའི་སྐབས་ལ་བྷོ་ཊ་ལབ་མི་བཅུག་པ་དེ་ལེན་པོ་མི་འདུག་ག ང་རང་གར་ཤ་དང་། ལ་དཱགས་ཀྱི་སྤྱི་ཚོགས་ཚོགས་འདུའི་སྒང་ལ་འགྲོ་མྱོང་། ཁ་ངན་རྣ་ངན་བསགས་མྱོང་།  ངས་དེ་ཚོར་ཁྱོད་ཚོའི་སྐད་བོད་སྐད་རེད་ལབ་མྱོང་། དེ་ལ་བྱེད་ཡ་གང་ཡོད་མ་རེད། བདེན་མིན་ལོ་རྒྱུས་ཀློགས་ལབ་ཡིན། དེ་ནས་ཡར་ན་བསྟན་འཛིན་སྒང་(ས་ཆ་ཞིག)ཟེར་བ་ཞིག་ཡོད་རེད། སྒང་ཟེར་ན་བོད་སྐད་རེད་བཱ། རྒྱ་གར་གྱིས་བཙན་པོ་བྱས་ནས་དེ་ལ་བསྟན་འཛིན་སྒའོ་ཞེས་འབྲི་བཅུག་གི་ཡོད་རེད། གཅིག་པ་རེད། སློབ་གྲཱའི་ནང་དུ་ཡོད་པའི་བུ་གུ་(ཕྲུག་གུ)དག་གི་མིང་ལ་འཆི་མེད། རྒྱལ་མཚན་ག་རེ་ཡོད་ནའང་ཁྱོད་ཀྱི་མིང་འབོད་བདེ་བོ་མི་འདུག དེ་རིང་གཅིག་པོར་ཁྱོད་ཀྱི་མིང་རཱ་རྗོའི་ཡིན་དཱ་ལབ་ནས། རིམ་གྱིས་ཡིག་ཆ་ཚང་མའི་སྟེང་ལ་དེ་ལྟར་བཀོད་རྗེས་སུ། ཁོ་རཱ་རྗོའི་རེད།  དེ་རྩ་མེད་གཏོང་སྟངས་ཤིག་རེད། དེ་ལ་ཞེད་དགོས་ཡ་ཡོད་རྒྱུ་མ་རེད་དྲན་གི་འདུག དོན་དག་ང་ཚོའི་ངོས་ནས་དེ་ངོས་ལེན་བྱེད་དགོས་པ་རེད། སྲིད་ཇུས་ཡག་ཏུ་འགྲོ་ཡི་འདུག་ག ཡག་ཏུ་འགྲོ་བའི་སྐབས་ཕྱི་ལ་སྟོན་ཐུབ་དགོས་པ་རེད། ” འདི་ལྟར་དོན་སྙིང་ཅན་གྱི་ལན་འདེབས་གལ་ཆེན་གནང་། thumbnail (7).jpg

ཚོགས་རའི་ཟུར་ཞིག   པར་བ།  ལྷག་པ་ཚེ་རིང་།

          དེ་ལྟར་ཧི་མ་ལ་ཡ་ནིམངའ་རིས་རིག་གཞུང་གི་ཁྱབ་ཁོངས་ས་གནས་གལ་ཆེན་ཞིག་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་ལ། ཐུན་མོང་གཅིག་གྱུར་གྱི་འདུ་བྱས་དང་ཐུན་མོང་གཅིག་གྱུར་གྱི་ཤེས་རིག་ཡོད་པ་ནས་གང་དེ་མི་རིགས་གཅིག་ཏུ་ངེས་པ་ནི། དེང་རབས་ལོ་རྒྱུས་ལྟ་ཕྱོགས་ཁྲོད་ཀྱི་ཚད་གྲུབ་ལྟ་ཚུལ་ཞིག་ཀྱང་ཡིན་པ་རེད། དོལ་པོའི་སྤྲུལ་སྐུ་ལགས་དང་། གློ་བོ་བཀྲ་ཤིས་ཚེ་རིང་ལགས། ཤར་པ་ཨང་ཀ་ཇི་ལགས་གསུམ་གྱིས་ཀྱང་དེ་བཞིན་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་ལ་མཐོང་རྒྱ་ཆེན་པོ་དང་བདེན་པ་འཚོལ་ཐབས་ཀྱི་གཏམ་བཤད་གནང་།

  འཚོལ་སྨྱུག་ཚོགས་ངོ་སྤྲོད་པ།thumbnail (11).jpg

ཚོགས་གཙོ་པད་མ་དགོས་འབྱོར་གྱིས་མཇུག་བསྡུས་གཏམ་བཤད་ཀྱིན་པ། པར་བ། ལྷག་པ་ཚེ་རིང་།

        འཚོལ་སྨྱུག་ཚོགས་ནི་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་ལ་དུང་ཁ་ཟབ་པའི་མཐོ་སྒང་དོལ་པོའི་ཡུལ་གྱི་ཕ་སྐད་རྩོམ་རིག་གི་ཤོག་ཁ་ཞིག་ཡིན། ཤོག་ཁ་འདིས་བལ་ཡུལ་ཧི་མ་ལ་ཡའི་ས་ཁུལ་གྱི་མི་དམངས་རྣམས་སྐད་ཡིག་དང་རིག་གཞུང་ལ་དུང་ཁ་ཇེ་ཟབ་ཏུ་གཏོང་རྒྱུ་དང་སྐད་ཡིག་རིག་གཞུང་དང་འབྲེལ་བའི་སྟབས་བསྟུན་ལས་འགུལ་སྤེལ་རྒྱུ་སོགས་མདོར་ན་བལ་ཡུལ་མངའ་ཁོངས་ཀྱི་ཧི་མ་ལ་ཡའི་སྐད་ཡིག་དང་རིག་གཞུང་རྒྱུན་གནས་ཡོང་ཆེད་ཀྱི་བྱ་བར་ནན་གྱིས་འབད་པའི་དམིགས་འདུན་འཆང་གི་ཡོད་འདུག

         རྩོམ་རིག་གི་ཤོག་ཁ་འདི་ནི་ཐོག་མར་སྤྱི་ལོ་༢༠༡༦ཟླ་༢ཚེས་༡༢ཉིན་དངོས་སུ་འགོ་ཚུགས་ཤིང་། ཟླ་༣ཚེས་༣ཉིན་བལ་ཡུལ་རྒྱལ་སྤྱིའི་བོད་ཀྱི་མགྲོན་ཁང་དུ་བལ་ཡུལ་ནང་པའི་ཚོགས་གཞོན་ཤར་པ་ཨཙརྱ་ནོར་བུ་མཆོག དོལ་པོ་ཤཱཀྱ་རིན་པོ་ཆེ། དུས་དེབ་བགྲེས་པོའི་འབེལ་གཏམ་གྱི་གཙོ་སྒྲིག་པ་ཆོས་འཁོར་ཚང་དགེ་བཤེས་གཡུང་དྲུང་རྒྱ་མཚོ། སྲས་ནམ་མཁའ་རྡོ་རྗེ། གུས་པོ་རྫ་སྐྱེས་ཕུར་བ་སོགས་ལྷན་འཛོམས་ཐོག་རྩོམ་རིག་གི་ཤོག་ཁ་འདི་ཐོག་མར་དབུས་བརྙེས་པའི་མཛད་སྒོ་བསྡུས་པ་དང་། ལོ་རེར་ཚོགས་མི་ནང་ཁུལ་ནས་ཕ་སྐད་ཀྱི་དཔེ་དེབ་རེ་དགྲམ་རྒྱུའི་གྲབས་སྒྲིག་ཡོད་པ་བཞིན་ཐེངས་དང་པོར་ཚོགས་མི་དཀར་བོ་འཚོལ་གྱིས་བརྩམས་པའི་< དད་པས་བཅོམ་པའི་བོད་བརྒྱུད་ཐུབ་བསྟན།> འགྲེམས་སྤེལ་བྱས་ཤིང་།  འདི་ལོར་ཚོགས་མི་བསམ་གྲུབ་ཀྱིས་བརྩམས་པའི<སེར་ཕིབ་འོག་གི་གྱེས་ཁའི་ཐ་ཚིག>ཅེས་པ་དཔར་བསྐྲུན་བྱས།

  བལ་པོའི་གདོད་མའི་མི་རིགས་ཚོགས་ཆེན་གྱི་དྲུང་ཆེ་ཤར་པ་ཨང་ཀ་ཇི་ལགས་ཀྱིས་གཏམ་བཤད།thumbnail (8).jpg

ཤར་པ་ཨང་ཀ་ཇི་ལགས་ཀྱིས་བཏམ་བཤད་ཀྱིན་པ།  པར་བ།  ལྷག་པ་ཚེ་རིང་།

           སྡོང་པོ་ཞིག་གི་ཡལ་ག་དང་། ལོ་མ་ཡོངས་རྫོགས་བཅད་རུང་སྡོང་པོ་དེ་རྩ་མེད་དུ་གཏོང་མི་ནུས། སྡོང་པོ་དེ་རྩ་མེད་དུ་གཏོང་བར་དེའི་རྩ་བ་གཅོད་དགོས་པ་ཡིན། རྩ་བ་བཅད་སོང་ན་སྡོང་པོ་དེ་ག་རང་དུ་ཤི་འགྲོ་རྒྱུ་ཉག་ཅིག་རེད། དཔེ་དེ་ནང་བཞིན། མི་རིགས་ཤིག་རྩ་མེད་དུ་གཏོང་བར་དེའི་ཆ་ལུགས་དང་གོམས་སྲོལ། ཆོས་ལུགས་དང་རིག་གཞུང་སོགས་རྩ་མེད་བཟོས་པ་ཙམ་གྱིས་མི་རིགས་དེ་རྩ་མེད་དུ་གཏོང་མི་ནུས་པ་ཡིན། ཡིན་ན་ཡང་། གལ་ཏེ་མི་རིགས་དེའི་སྐ་ཡིག་མེད་པར་བཟོས་པ་ཡིན་ན་དེའི་རྩ་བ་བཅད་པ་ཡིན་པས། ད་གཟོད་མི་རིགས་དེ་རྩ་སྟོང་དུ་འགྲོ་ངེས་པ་ཡིན། སྐད་ཡིག་ནི་མི་རིགས་ཤིག་གི་རྩ་བ་དེ་ཡིན་པས་སྐད་ཡིག་རྨང་ནས་ཉམས་སོང་བའི་ཉིན་དེར་མི་རིགས་དེ་ཡང་རྩ་མེད་དུ་སོང་ཟིན་པ་ཡིན།thumbnail (1).jpg

སློབ་ཕྲུག་ཚོགས་གཙོ་གཡུང་དྲུང་ཚེ་རིང་ལགས་ཀྱིས་བཏམ་བཤད་ཀྱིན་པ།  པར་བ།  ལྷག་པ་ཚེ་རིང་།

          བལ་པོའི་རྒྱལ་ཁབ་དང་། རྒྱལ་ཁབ་འདིར་དབང་སྒྱུར་མཁན་ཀྱི་མི་རིགས་ཏེ། བྷཱ་ཧུན་རྣམས་ཀྱིས་ང་ཚོ་དབང་འོག་ཏུ་བསྡུས་པའི་ཉིན་མོ་དེ་ནས་བཟུང་ད་ལྟའི་བར་རམ། རྒྱལ་པོ་པྲི་ཐྺི་ནཱ་རཱ་ཡཎ་ཤཱ་ཧ་ཡི་དུས་ནས། ཉེ་་ཆར་བསྐྱར་བཅོས་ལེགས་གྲུབ་བྱུང་བའི་རྩ་ཁྲིམས་གསར་མའི་བར། ང་ཚོ་ཧི་མ་ལ་ཡའི་བོད་རིགས་རྣམས་ཀྱིས་མཚོན་གདོད་ནས་རྒྱལ་ཁབ་འདི་རུ་ས་སྐྱེས་རྡོ་སྐྱེས་སུ་ཆགས་པའི་གདོད་མའི་མི་རིགས་རྣམས་ཀྱི་སྐད་ཡིག་རྩ་མེད་དུ་བཟོ་རྒྱུའི་འབད་པ་མཐའ་གཅིག་ཏུ་བྱས་དང་བྱེད་བཞིན་ཡོད་པ་ཡིན། དེ་ཡང་དཔེར་མཚོན་གྱི་ཐོག་ནས་བཤད་ན།IMG_9019.JPG

སྤྲུལ་སྐུ་འཆི་མེད་ཚེ་དབང་ལགས་ཀྱིས་གཏམ་བཤད་གནང་གྱིན་པ།  

           དང་པོ། ས་གནས་ཀྱི་སློབ་གྲྭ་ཁག་ལ་སློབ་ཚན་ཆ་ཚང་བལ་སྐད་ཀྱི་ཐོག་ནས་སློབ་དགོས་པའི་ཁྲིམས་ལུགས་བཞག་ཡོད། ཁྲིམས་ལུགས་དེས་ང་ཚོ་བལ་སྐད་མི་སྨྲ་བའི་མི་རྣམས་ཤེས་རིག་གི་ཁྱབ་ཁོངས་ནང་ནམ་ཡང་རྗེས་ལུས་ཐེབས་སུ་བཅུག་ཡོད། དེས་མི་ཚད་ཧི་མ་ལ་ཡའི་ས་གནས་ཀྱི་སློབ་གྲྭ་ཁག་ལ་བལ་སྐད་ཐོག་གཏན་འབེབ་བྱས་པའི་སློབ་ཚན་དག་གི་ནང་བྷཱ་ཧུན་དང་། ཧིན་དྷུའི་ཆོས་ལུགས། རིག་གཞུང་། ལོ་རྒྱུས་སོགས་རབ་དང་རིམ་པར་བཀོད་ཡོད་པ་ལས། ཧི་མ་ལ་ཡའི་བོད་རིགས་རྣམས་ཀྱི་ལོ་རྒྱུས་དང་རིག་གཞུང་། ཆོས་ལུགས་དང་རྒྱུན་སྲོལ་སོགས་ཀྱི་ངོ་སྤྲོད་སྣ་གཅིག་ཀྱང་མེད་པ་ཡིན།28233312_1718458521544974_65297201_n.jpg

དཀར་པོ་འཚོལ་ལགས་ཀྱིས་མདོ་འཛིན་བྱེད་བཞིན་པ།

           གཉིས་པ། གཞུང་གི་ལས་གནས་གང་ཞིག་ལ་འཇུག་པར་བྱེད་པ་ལའང་ཐོག་དང་པོར་བལ་སྐད་ངེས་པར་དུ་ཤེས་དགོས་པའི་ཁྲིམས་ལུགས་བཞག་ཡོད། ཁྲིམས་ལུགས་འདིས་བལ་སྐད་སྨྲ་མཁན་གྱི་བྷཱ་ཧུན་ཚོ་མ་གཏོགས་གདོད་མའི་ཀྱི་མི་རིགས་གཞན་དག་རྣམས་ལ་རྒྱལ་ཁབ་ཀྱི་ལས་གནས་ནང་མཉམ་གཞུགས་ཀྱི་སྒོ་སྐབས་སྤྲད་མེད། བྷཱ་ཧུན་སྐད་ཡིག་གམ་བལ་སྐད་ཀྱི་ཕྱི་མོ་ལེགས་སྦྱར་གྱི་སྐད་ཡིག་ལ་སློབ་དཔོན་གྱི་མིང་གནས་ཐོག་སློབ་ཐོན་བྱུང་མཁན་རྣམས་རྒྱལ་ཁབ་ཀྱི་ཁྲིམས་དཔོན་དང་། གྲོས་ཚོགས་ཀྱི་དྲུང་ཆེ། རྫོང་གི་གཙོ་འཛིན་སོགས་གཞུང་ཞབས་ཀྱི་ལས་གནས་མཐོ་འབྲིང་བར་གསུམ་དུ་བསྐོ་བཞག་བྱས་ཡོད་མོད། ང་ཚོས་བོད་སྐད་ཐོག་ནས་མཁན་པོ་དང་། དགེ་བཤེས། སློབ་དཔོན་སོགས་ཀྱི་མིང་གནས་སློབ་ཐོན་བྱུང་བའི་མི་སྣ་ཚོར་སློབ་ཆུང་སློབ་གྲཱའི་དགེ་རྒན་ཙམ་ཡང་བྱེད་ཆོག་པའི་ཆོག་མཆན་སྤྲད་མེད། དེས་ན། མི་རིགས་ཀྱི་སྲོག་རྩ་སྐད་ཡིག་ཡིན་པར་རྟོགས་ནས། བལ་པོའི་ནང་དང་པོ་ནས་ས་སྐྱེས་རྡོ་སྐྱེས་སུ་ཆགས་པའི་གདོད་མའི་མི་རིགས་རྣམས་ཀྱིས་“བལ་ཡུལ་གདོད་མའི་མི་རིགས་ཚོགས་ཆེན་”རྩ་འཛུགས་བྱས་ཤིང་རྒྱལ་ཁབ་ལ་སྐད་འབོད་དང་། རྩོད་ལེན་ཡུན་རིང་བྱས་པའི་མཐའ་འབྲས་སུ་ས་གནས་སློབ་གྲྭ་ཁག་ལ་བོད་ཡིག་སློབ་ཆོག་པའི་ཆོག་མཆན་ཙམ་ཞིག་གཞི་ནས་རག་ཡོད་པ་ཡིན། ཡིན་ན་ཡང་ཤེས་རིག་ལས་ཁུངས་ནས་བོད་ཡིག་སློབ་དེབ་དཔར་སྐྲུན་བྱེད་པར་རྙོག་གྲ་མང་པོ་བཤད་ཡོད་པ་དང་ལྷག་པར་བོད་ཡིག་དགེ་རྒན་གྱི་ས་མིག་སྟོང་པ་མི་སྟེར་བ་སོགས་ཀྱི་བཀའ་ངལ་མུ་མཐུན་འཕྲད་ཀྱིན་ཡོད། དེས་མི་ཚད་ད་དུང་ཡང་བོད་ཡིག་ཐོག་སློབ་དཔོན་ཐོན་ཆོག་པ་དང་ལག་ཁྱེར་རག་ཆོག་པའི་གནད་དོན་རྣམས་མཐའ་སེལ་མ་ཐུབ་པར་ལྷག་ཡོད་པ་ཡིན།

       གསུམ་པ། ཧི་མ་ལ་ཡའི་བོད་རིགས་རྣམས་ཀྱི་བལ་ཡུལ་རྒྱལ་ཁབ་ཀྱི་མི་སེར་ལག་ཁྱེར་ནང་རིགས་མིང་ངམ། རུས་མིང་དུ་བྷོ་ཊའམ་ཡང་ན་དོལ་པོ་བ་དང་། གློ་བོ། ཤར་པ་སོགས་མ་བྲིས་བར་ཆ་ཚང་ལ་དགུ་རུང་ཞེས་ལེབ་ཆོད་དུ་བྲིས་ཡོད། སྲིད་བྱུས་འདིས་གདོད་མའི་མི་རིགས་རྣམས་ཀྱི་ངོས་འཛིན་དང་། ལོ་རྒྱུས་ལེབ་ཆོད་དུ་ནག་བསུབ་གཏོང་ཐབས་བྱས་ཡོད་པ་ཡིན། ང་ཚོའི་ཕ་མེས་ཚོས་མི་སེར་ལག་ཁྱེར་ལེན་སྐབས། གལ་ཏེ་རྫོང་འཛིན་སྐྱོང་ལྷན་ཁང་ནང་བོད་སྐད་རྒྱག་ཆོག་པ་དང་། བོད་སྐད་རྒྱག་མཁན་ཚོར་སྐད་སྒྱུར་བའི་མཐུན་རྐྱེན་ཞིག་གོ་སྒྲིག་བྱས་ཡོད་ན་ཏན་ཏན་ངའི་རིགས་མིང་ནི་དགུ་རུང་མིན། བྷོ་ཊའམ་བོད་རིགས་ཡིན་ཞེས་བཤད་ཡོད་ངེས་ཡིན། ཡིན་ནའང་རྫོང་འཛིན་སྐྱོང་ལྷན་ཁང་གིས་མཚོན་གཞུང་འབྲེལ་གྱི་ལས་ཁུངས་ཁག་ཆ་ཚང་ནང་ད་ལྟའང་ངེས་པར་དུ་བལ་སྐད་ཐོག་སྐད་ཆ་ཤོད་དགོས་པའི་ཁྲིམས་ལུགས་བཞག་ཡོད།

      བཞི་པ། ཧི་མ་ལ་ཡའི་མི་རིགས་ཁག་གནས་སྡོད་བྱེད་སའི་ཡུལ་ལུང་དང་། ས་ཁུལ་ཁག་གི་མིང་ཡང་མང་པོ་ཞིག་ཧིན་དྷུའི་རང་བཞིན་ཅན་གྱི་མིང་ལ་བསྒྱུར་ཡོད་པ་ཡིན། ས་ཁུལ་ཁག་གི་མིང་དེས་ས་ཁུལ་དེའི་མི་རིགས་དང་། སྐད་ཡིག ལོ་རྒྱུས་དང་རིག་གཞུང་སོགས་མཚོན་པ་ཡིན་པས་དེ་ཉིད་ཧིན་དྷུའི་མིང་ལ་བསྒྱུར་བ་ནི་མི་རིགས་དེ་རྩ་མེད་དུ་གཏོང་རྒྱུའི་ཐབས་ལམ་ཤིག་ཆགས་ཡོད།28191370_1718457641545062_2085712908_n.jpg

         ལྔ་པ། བལ་ཡུལ་རྒྱལ་ཁབ་ཀྱི་གསར་དུ་བསྐྱར་བཅོས་ལེགས་གྲུབ་བྱུང་བའི་ཕྱི་ལོ་༢༠༡༧ལོའི་རྩ་ཁྲིམས་ནང་བོད་ཡིག་ལ་སྐད་ཡིག་གི་ཐོབ་ཐང་གང་ཡང་སྤྲད་མེད་པ་ཡིན། དེ་ཡང་དབུས་སྲིད་གཞུང་དང་། མངའ་སྡེའི་སྲིད་གཞུང་ནང་གི་གཞུང་འབྲེལ་གྱི་ལས་རིགས་ཆ་ཚང་བལ་སྐད་དམ་དྷེ་ཝ་ནཱ་གྷ་རི་(ལེགས་སྦྱར་དང་རྒྱ་གར་སྐད། བལ་སྐད་བཅས་ཀྱི་ཡི་གེ)ཡི་གེ་ཁོ་ན་ཡིན་དགོས་པའི་ཁྲིམས་ལུགས་གཏན་འབེབ་བྱས་ཡོད། མངའ་སྡེའི་སྲིད་གཞུང་གི་ནང་ལ་གལ་ཏེ་མི་སེར་རྒྱ་ཆ་ལྔ་བཅུའི་ཡན་གྱིས་སྐད་ཡིག་གཞན་ཞིག་ཐུན་མོང་དུ་སྤྱོད་ཀྱིན་ཡོད་ན་སྐད་ཡིག་དེ་ཉིད་གཞུང་འབྲེལ་གྱི་སྐད་ཡིག་རིམ་པ་གཉིས་པར་བཞག་ཆོག་པར་བཤད་ཡོད་མོད་དེ་ལ་ཡང་བསྐྱར་དུ་ཁྲིམས་ལུགས་གཏན་འབེབ་བྱེད་དགོས་པ་ཡིན་ཞེས་བཤད་ཡོད། དེས་ན་བལ་ཡུལ་རྒྱལ་ཁབ་ཀྱི་ངོས་ནས་ང་ཚོ་གདོན་མའི་མི་རིགས་རྣམས་ཀྱི་སྐད་ཡིག་དང་། རིགས་གཞུང་ལ་བརྩི་འཇོག་དང་། ཐོབ་ཐང་སྟེར་རྒྱུའི་ཚབ་དུ་དེ་དག་རྩ་མེད་དུ་གཏོང་རྒྱུའི་ཐབས་ལམ་ཁོ་ན་བྱེད་ཀྱིན་ཡོད་པ་ཡིན། ཉེ་ཆར་གསར་དུ་གཏན་འབེབ་བྱས་པའི་རྩ་ཁྲིམས་གསར་པ་དེས་ང་ཚོའི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་དང་སྲོལ་ལུགས་སོགས་གང་ལའང་མ་བསྟུན་པར་བཟོས་ཡོད། ས་གནས་སྲིད་གཞུང་གི་རིམ་པའི་ཐོག་བཤད་ན། དོལ་པོའི་ས་ཁུལ་དེ་ཡུལ་སྡེ་ལྷན་ཁང་གསུམ་དུ་བགོས་འདུག་པས། ཡུལ་སྡེ་ལྷན་ཁང་དེ་དག་་ནང་གཞུང་འབྲེལ་གྱི་ལས་ཀ་ཁག་ལ་བོད་ཡིག་ཁོ་ན་བེད་སྤྱོད་ཡོང་ཐབས་བྱེད་དགོས་པ་ཡིན། དེར་མ་ཚད་ཡུལ་སྡེ་ལྷན་ཁང་གི་མིང་དང། ཡུལ་ལུང་ཁག་གི་མིང་དག་ཀྱང་གལ་ཏེ་ཧིན་དྷིའི་རང་བཞིན་ཅན་གྱི་མིང་བཏགས་ཡོད་པ་ཡིན་ན་དེ་དག་ཚུར་རང་གི་ཆོས་དང་རིག་གཞུང་། དེ་བཞིན་ལོ་རྒྱུས་སོགས་ཀྱི་རང་བཞིན་ལྡན་པའི་མིང་དུ་བསྒྱུར་ཐུབ་པ་བྱེད་དགོས། དེ་ལྟར་བྱས་ན་ས་གནས་སྲིད་གཞུང་གི་རིམ་པའི་ནང་བོད་སྐད་དང་། སམ་བྷོ་ཊའི་ཡི་གེ་འདི་ལ་རེ་བ་ཞིག་ཡོད་པ་ཡིན། མངའ་སྡེའི་སྲིད་གཞུང་དང་དབུས་གཞུང་གི་སྐད་ཡིག་གི་ཁྲིམས་ལུགས་ལ་བསྐྱར་བཅོས་ཡོང་ཐབས་སུ་ང་ཚོ་གདོད་མའི་མི་རིགས་རྣམས་ཀྱིས་ངེས་པར་དུ་སྐད་འབོད་དང་རྩོད་ལེན་བྱེད་རྒྱུ་ལས་གཞན་ཐབས་ཤེས་གང་ཡང་ལྷག་མེད་པ་རེད། དེས་ན་ང་ཚོ་ཚང་མ་ཆབ་སྲིད་ལ་མཉམ་ཞུགས་བྱེད་དགོས། ཆབ་སྲིད་ལ་དོ་སྣང་དང་སློབ་སྦྱོད་བྱེད་དགོས། སོ་སོ་མི་རིགས་ཀྱི་ངོ་བོ་དང་ལོ་རྒྱུས། སྐད་ཡིག་དང་རིག་གཞུང་བཅས་ཡུན་གནས་ཀྱི་དོན་དུ། སོ་སོ་ཐོབ་ཐང་གི་དོན་དུ། རྡོག་རྩ་གཅིག་སྒྲིལ་གྱིས་ཐོག་ནས་ཆབ་སྲིད་ལ་འཇུག་དགོས། ཆབ་སྲིད་ཀྱི་ཐོག་ནས་ཁྲིམས་ལུགས་ལ་བསྒྱུར་བཅོས་གཏོང་ཐུབ་པ་བྱེད་དགོས། མཐར་དོན་དུ་བཤད་རྒྱུར། གལ་ཏེ་སློབ་སྦྱོང་ནོངས་སོང་བ་ཡིན་ན། ལོ་གཅིག་གི་ཡིག་རྒྱུགས་མི་འཕྲོད་པ་ཡོང་སྲིད། གལ་ཏེ་ཚོང་ལས་ནོངས་སོང་བ་ཡིན་ན་ལོ་གཅིག་ལ་གྱོན་གུད་རག་སྲིད་པ་ཡིན། གལ་ཏེ་སྟོན་ཐོག་ནོངས་པ་ཡིན་ན་ལོ་གཅིག་གི་བཟའ་བཏུང་དཀོན་ཙམ་འོང་སྲིད་པ་ཡིན། ཡིན་ན་ཡང་། གལ་ཏེ་ཁྲིམས་ལུགས་ནོངས་སོང་བ་ཡིན་ན་ཉུང་མཐར་ཡང་མི་ལོ་ལྔ་བརྒྱ་ཙམ་རིང་དཀའ་ངལ་ཕྲད་རྒྱུ་ཉག་ཅིག་རེད། དེ་འདྲ་ཡིན་དུས། ཆབ་སྲིད་ཟེར་རྒྱུ་དེ་གལ་ཆེ་ཤོས་ཤིག་ཆགས་ཡོད། ཚང་མས་ཆབ་སྲིད་ལ་ཐེ་གཏོགས་དང་། མཉམ་གཞུགས་གནང་རོགས་གནང་། དེ་ཡང་ཆབ་སྲིད་ནང་མཉམ་གཞུགས་བྱེད་དགོས་ཟེར་རྒྱུ་དེ་བྷཱ་ཧུན་དེ་ཚོའི་རྒྱུག་ཁྱི་བྱས་ཏེ་ཀོང་རེ་སི་དང་། དམར་ཤོག་པ་ལྟ་བུའི་ཆབ་སྲིད་ཤོག་ཁ་དག་གི་དར་ཆ་ཁུར་ནས་དེ་ཚོའི་རྒྱུག་ཁྱི་བྱེད་རྒྱུ་མ་ཡིན་པར། མ་མཐར་ཡང་དོལ་པོ་རང་གི་ངོས་འཛིན་དང་ཐོབ་ཐང་། སྐད་ཡིག་དང་རིག་གཞུང་བཅས་ཀྱི་ཆེད་དུ་གོང་བུ་གཅིག་ཏུ་བསྒྲིལ་ནས་ཆབ་སྲིད་ཤོག་ཁ་དེ་དག་གི་ཡང་གོང་དུ་ཐོན་ཐུབ་ཞིག་བྱུང་ན། ད་གཟོད་ཆབ་སྲིད་ཀྱི་ནང་ལ་གཞུགས་པའི་དོན་གོ་ཆོད་པ་ཡིན། འདི་ཙམ་ཞུས་ནས་ད་དགོངས་པ་ཞུ་རྒྱུ་ཡིན།ཞེས་གནད་ཅན་གྱི་གཏམ་བཤད་འདི་ལྟར་གནང་།

 ཆོས་འཁོར་ཚང་ཉི་མ་འོད་ཟེར་ངོ་སྤྲོད་པ།

IMG_9075.JPG

བགྲོ་གླེང་ཡུལ་དངོས་ཀྱི་སྟེགས་བུར་ཞུགས་པ།

           ཁོང་ནི་མཐོ་སྒང་དོལ་པོའི་ཡུལ་དུ་ཕྱི་ལོ་༡༩༧༦ལོར་བཀའ་རྙིང་ཟུང་འབྲེལ་དུ་སྤྱོད་པའི་ཆོས་འཁོར་ཚང་གི་གདུང་རྒྱུད་ལས་མཆེད་པའི་བོན་གྱི་ཁྱིམ་གསར་ཞིག་ཏུ་འཁྲུངས། ཆུང་དུས་ཡང་སྟོན་བླ་མའི་གདན་ས་བསམ་གླིང་དགོན་པའི་སྔགས་གྲལ་དུ་བཞུགས། ཕྱི་ལོ་༡༩༨༣ལོར་རྒྱ་གར་གྱི་བོན་གཞིས་ཐོབ་རྒྱལ་གསར་པའི་ཉིན་སློབ་ཏུ་ཞུགས་ཏེ་འཛིན་གྲྭ་བརྒྱད་པའི་བར་བོད་ཡིག་དང༌། དབྱིན་ཡིག རྒྱ་གར་གྱི་སྐད་ཡིག་གསུམ་གྱིས་གཙོས་པའི་དེང་རབས་ཤེས་ཡོན་ཁག་ལ་སྦྱོང་བ་བྱས།  ཕྱི་ལོ་༡༩༩༢ལོར་བོན་གྱི་གདན་ས་ཆེན་མོ་གཤེན་བསྟན་སྨན་རིའི་གླིང་དུ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་དང་། ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་ཟུང་གི་དྲུང་ནས་རབ་ཏུ་བྱུང་སྟེ། གཡུང་དྲུང་བོན་གྱི་ཐུན་མིན་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་དང་མཐུན་མོང་རིག་གནས་རྣམས་ལ་སྦྱང་འགོ་བཙུགས། 

          ཕྱི་ལོ་༢༠༠༩ལོར་ནུབ་ཕྱོགས་(Holland)ཧོ་ལེན་ཌི་རྒྱལ་ཁབ་ཀྱི་(Leiden University)ལའི་སྟེང་གཙུག་ལག་སློབ་གཉེར་ཁང་ཆེན་མོས་ཁོང་ལ་ཞིབ་འཇུག་མི་སྣའི་སློབ་ཡོན་ཕུལ་བས་དེར་ཞིབ་འཇུག་གི་ཕྱག་ལས་གནང་།

       ༢༠༠༦ འཇར་མེ་ནི། (དེ་གོ།) རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་འདུ་ཚོགས་ཐེངས་བཅུ་གཅིག་པ། “ཆོས་པའི་སྨད་འདུལ་གྱི་ཁུངས་དང་རྒྱུད་ཚུལ་ལ་དཔྱད་པ།” (རྩོམ་འདི་ཉིད་ཚོགས་པ་དེས་དབྱིན་ཡིག་ཏུ་བསྒྱུར་ཡོད།)


       ༢༠༠༦ རྒྱ་གར། (རྡ་ས་བོད་ཀྱི་དཔེ་མཛོད་ཁང་།) བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཐེངས་དང་པོ། “ཞང་ཞུང་བོད་མིའུ་གདུང་དྲུག་གི་རུས་རྒྱུད་ཡིན་ནམ་མིན།” (དཔེ་མཛོད་ཁང་གིས་དཔར་ཟིན།)
༢༠༠༧ རྒྱ་གར། (སྲོང་བཙན་དཔེ་མཛོད་ཁང་།) བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་ལྟེ་གནས་ཁང་གི་རྒྱལ་སྤྱིའི་འདུ་ཚོགས་ཐེངས་གཉིས་པ། “ཏུན་ཧོང་ཡིག་རྙིང་ནང་གི་སད་མར་ཀར་ལས་འཕྲོས་པའི་གཏམ།” (འདོན་སྤེལ་ཟིན།)

        ༢༠༠༧ རྒྱ་གར། (ཁུ་ནུ་སྟོད་ཕྱོགས་གནས་སྒོ།) ཧང་ལ་གྱེན་ཐུག་རིན་ཆེན་ནང་པའི་སྔར་ལུགས་བཅོལ་མ་ཚོགས་པ། “ཞང་ཞུང་དང་འབྲེལ་བའི་ཁུ་ནུའི་སྐད་རིག” (འདོན་སྤེལ་ཟིན་ཞིང་དབྱིན་ཡིག་ཏུའང་བསྐྱར་འབྲི་བྱེད་མུས།)

         ༢༠༠༨ ཧྥ་རན་སི། (ཧྥ་གོའི་གཤེན་བསྟན་དར་རྒྱས་གླིང་།) བོད་ཀྱི་ཆོས་དང་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས་བོན་གྱི་རྒྱལ་སྤྱིའི་འདུ་ཚོགས། “དམུ་རིགས་གཤེན་གྱི་དམུ་ལས་འཕྲོས་ཏེ་དམུ་ཡི་རིགས་རུས་རྣམས་ལ་སྔོན་འགྲོའི་རགས་དཔྱད།” (འདོན་སྤེལ་ཟིན་ཞིང་འདིའི་ཟུར་ཞིག་དབྱིན་ཡིག་ཏུའང་འབྲི་མུས།)

       ༢༠༠༨ རྒྱ་གར། (གར་ཞྭ་ལྷོ་ཡུལ།) ལྷོ་ཡུལ་གར་ཞྭའི་ཡུལ་ལྷ་དང་གཞི་བདག་སྐོར་གྱི་རྒྱལ་སྤྱིའི་འདུ་ཚོགས། “གར་ཞྭ་མཁའ་འགྲོ་གླིང་གི་ཡུལ་ལྷའི་གཙོ་བོ་‘གྱེ་པང་སད་’དང་འབྲེལ་བའི་བོན་དང་ཞང་ཞུང་གླེང་བ།” (བསྐྱར་འབྲི་དང་འབྲེལ་སླར་ཡང་དཔྱད་མུས།)

 

       ༢༠༠༨ རྒྱ་གར། (‘ཐེ་གོར་’གྱི་སློབ་གཉེར་ཁང་ཆེན་མོ་‘ཤནྟི་ནི་ཀེ་ཏན།’ བྷང་ག་ལ།) སཱ་ཧོ་ཇྷ་ཐེག་པ་དང་བསམ་ཡས་རྩོད་པའི་སྐོར་ལ་རྒྱལ་སྤྱིའི་འདུ་ཚོགས། “བསམ་ཡས་རྩོད་པ་དང་འབྲེལ་བའི་བོན་གྱི་སྐོར།” (རྩོམ་སྒྲིག་བྱེད་མུས།)

      ༢༠༠༩ འབྲུག་ཡུལ། (རྒྱལ་གཞུང་འཛིན་སྐྱོང་སློབ་གཉེར་ཁང་ཆེན་མོ།) ཨེ་ཤི་ཡའི་སྔར་སྲོལ་གསོ་རིག་སྐོར་གྱི་རྒྱལ་སྤྱིའི་འདུ་ཚོགས་ཐེངས་བདུན་པ། “སྡེ་དགེ་དཔར་ཁང་ཆེན་མོའི་རྒྱུད་བཞིའི་མཇུག་བྱང་ལས་མངོན་པའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས།” (ཚོགས་པ་དེས་དབྱིན་ཡིག་ཏུ་སྒྱུར་མུས།)
       ༢༠༡༠ ཁེ་ན་ཌ།  རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་འདུ་ཚོགས་ཐེངས་བཅུ་གཉིས་པ། “སྤྱི་མཆོད་ཅེས་པའི་དོལ་པོའི་སེར་སྲུང་པ།” (རྩོམ་འདི་དབྱིན་སྐད་དུ་བསྒྱུར་ནས་དབྱིན་ཡུལ་གྱི་འདུ་ཚོགས་ཞིག་ཏུ་སྤེལ་འཆར་འདུག)བཅས་ཀྱི་རྩོམ་ཡིག་སྤེལ་བ་སོགས་རླབས་ཆེན་ལས་མང་དུ་གནང་ཡོད།

       འབུམ་རམས་པའི་འཛུལ་རྒྱུགས་འཕྲོད་རྗེས་སུ་སྔ་གཞུག་རིམ་པས་ཐོག་མར་༢༠༡༠ལོར་བོད་ཀྱི་ལོ་རྒྱུས་སྐོར་ཚན་རིག་ཉམས་ཞིབ་ཀྱི་ཐོག་ནས་རྒྱུགས་སྤྲོད་དང་། ༢༠༡༡ལོར་དབྱིན་ཇི་སྐད་ཡིག་གི་རྒྱུགས་སྤྲོད། ༢༠༡༢ལོར་དགོས་མཁོའི་དབང་གིས་སྐད་ཡིག་རིག་པ་(Linguistics)ལའང་སློབ་གཉེར་གནང་སྟེ་ཡིག་རྒྱུགས་ཀྱང་སྤྲད་འདུག དེ་ནས་མཐར་༢༠༡༣ལོར་རྒྱལ་ཁབ་ཀྱི་རྒྱུགས་སྤྲོད་ཆེན་མོ་(State PhD Examination) ཕྱི་ལོ་༢༠༠༩ལོར་འཕྲོད་མཚམས་ནས་འབུམ་རམས་པའི་མཐར་ཕྱིན་རྩོམ་རྒྱུགས་ཀྱི་དཔྱད་དེབ་ཆེན་མོ་(PhD thesis)དེ་ཉིད་དངོས་སུ་འབྲི་འགོ་བཙུགས་པས་འདི་ལོར་མཇུག་ལེགས་གྲུབ་བྱུང་ཞིང་། ༢༠༡༧ལོའི་ཟླ་བ་༦པའི་ཚེས་༢༦ཉིན་ཨོག་སི་ཧྥོར་ཌི་(Oxford)ཡི་སློབ་དཔོན་ཆེན་མོ་ཆར་ལེ་སི་རམ་བྷལ་(Charles Ramble)སོགས་བོད་རིག་པའི་མཁས་དབང་དང་། སློབ་སྟོན་དགེ་རྒན་ཆེན་མོ་(Supervisor)ཌ་ནི་ཡལ་བྷེ་རོན་སི་ཀི། (Daniel Berounsky) ཤར་ཕྱོགས་སྐད་ཡིག་རིག་པའི་ཆེད་ལས་མཁས་དབང་རྣམ་པ། དེ་བཞིན་སློབ་གཉེར་ཁང་གི་རྒྱུགས་ལེན་དོ་དམ་ལྷན་ཚོགས་བཅས་ཀྱི་མདུན་སར་མཐའ་མཇུག་གི་རྒྱུགས་སྤྲོད་དམ་བཅའ་ཆེན་མོ་(PhD thesis defense)རུ་བཞུགས་པས། རྒྱུགས་ལེན་པ་ཀུན་ནས་སྤྱི་མོས་ཀྱིས་ཚད་མཐོའི་རྒྱུགས་འཕྲོད་ངོས་བཞེས་གནང་སྟེ་འབུམ་རམས་པའི་མཚན་གནས་དངོས་སུ་ཕུལ།  ད་ལྟ་ཁོང་ཉིད་ཆར་ལེ་སི་སློབ་གྲྭ་ཆེན་མོ་རུ་དེ་གའི་སློབ་དཔོན་ཆེན་མོ་གཞོན་པའི་(Assistant professor)འགན་ཁུར་མུས་སུ་བཞུགས་ཡོད།

 

 རྫ་ཆུའི་རླབས་སྒྲའི་པར་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

གསར་འགོད་པ།རྫ་སྐྱེས་ཕུར་བ།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།