ལ་ཕྱི་གངས་ཀྱི་ར་བ་མཇལ་འདོད་དམ།

1123

རྩོམ་པ་པོ། རྫ་སྐྱེས་ཕུར་བ།

IMG_4403.JPG
                                                         ཕུག་ཆེན་བཞིའི་ཡ་གྱལ་བདུད་འདུལ་ཕུག་མོ་ཆེ།

              འཁོར་ལོ་སྡོམ་པའི་རྩ་བཤད་ཀྱི་རྒྱུད་ནས་བཤད་སྲོལ་ལྟར་ན། གནས་འདི་ནི་མཁའ་སྤྱོད་གནས་བརྒྱད་ཀྱི་ཡ་གྱར”གཽ་དྷཱ་ཝ་རིའམ་རྣ་བ་གཡོན”ཞེས་པ་དེ་ཡིན་པ་དང་། རིམ་གྱིས་དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་གནས་ཉི་ཤུ་རྩ་བཞིའི་ནང་ཚན་དུ་གྱུར་བ་ཞིག་སྟེ། བདེ་མཆོག་འཁོར་ལོ་སྡོམ་པས་གསང་སྔགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཡུལ་དུ་བྱིན་གྱིས་བརླབས་པའི་གནས་ཤིག་ཡིན་པར་སྐད། IMG_4402.JPG

  བདུད་འདུལ་ཕུག་མོ་ཆེའི་སྒོ་འགྲམ།

       སངས་རྒྱས་མྱ་ངན་འདས་ནས་ལོ་སུམ་བརྒྱ་སུམ་ཅུ་རྩ་དྲུག་ཙམ་ལ་རྒྱ་གར་གྱི་གྲུབ་ཐུབ་ས་ར་ཧ་གནས་དེར་བྱོན་པ་དང་། དེ་ནས་ཨོ་རྒྱན་པདྨ་འབྱུང་གནས། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་སོགས་གནས་འདིར་བྱོན་ཏེ་སྒྲུབ་པ་ཡུན་རིང་གནང་བར་རྣམ་ཐར་འགའ་ཞིག་ཏུ་གསལ་བའི་ཟུར་ཙམ་རེ་མཇལ་མྱོང་།   IMG_4400.JPG

                                               བདུད་འདུལ་ཕུག་མོ་ཆེའི་མདུད་ཐད་དུ་ཡོད་པའི་ཕྱག་ན་རྡོ་རྗེའི་གནས་རི།

            གཙོ་བོ་གནས་འདི་ནི་རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་གྲགས་གཡེར་ཆེ་བ་ཞིག་སྟེ། ལྷོ་བྲག་མར་བས་ཁོང་ལ་ན་རོའི་ཆོས་སྐལ་བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་དང་། མོས་གུས་བླ་མའི་རྣལ་འབྱོར་སོགས་བདམས་པ་གལ་ཆེན་རྣམས་ཆིག་བརྒྱུད་དུ་གནང་ཞིང་།གསན་བསམ་ཁོང་དུ་ཆུད་པ་ན་སྒྲུབ་གནས་གལ་ཆེན་དག་ངོ་སྤྲད་འདི་ལྟར་གནང་བ་སྟེ”ལ་སྟོད་རྒྱལ་གྱི་ཤྲཱི་འདི་བོད་ཡུལ་བཀྲ་ཤིས་པའི་རི་བོ་བརྒྱད་ཀྱི་ཡ་གྱལ་དང་རྒྱ་གར་གྲུབ་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཡིན་པས་དེ་ལ་སྒོམས། གངས་ཏི་སེ་སངས་རྒྱས་ཀྱིས་ལུང་བསྟན་པའི་རི་བོ་གངས་ཅན་དང་འཁོར་ལོ་སྡོམ་པའི་ཕོ་བྲང་ཡིན་པས་དེ་ལ་སྒོམས། ལ་ཕྱི་གངས་ར་ནི་ཡུལ་ཉེར་བཞིའི་ཡ་གྱལ་གཽ་དྷཱ་ཝ་རི་ཡིན་པས་དེ་ལ་སྒོམས། མང་ཡུལ་གྱི་རི་བོ་དཔལ་འབར་དང་། བལ་ཡུལ་གྱི་ཡོལ་མོ་གངས་ར་མདོ་ཕལ་མོ་ཆེ་ནས་ལུང་བསྟན་པའི་གནས་ཡིན་པས་དེ་ལ་སྒོམས། བྲིན་གྱི་ཆུ་དབར་ཞིང་སྐྱོང་གི་མཁའ་འགྲོ་འདུ་བའི་གནས་ཡིན་པས་དེ་ལ་སྒོམས”ཞེས་གསུང་གིས་བསྐུལ་མ་གནང་སའི་སྒྲུབ་གནས་ལ་ཕྱི་གངས་ར་བ་འདི་ཉིད་ཡིན་ཞིང་། རྗེ་བཙུན་མི་ལ་ས་དེར་མ་བྱོན་གོང་གཉའ་ནང་རྩར་མ་བའི་འབྲོག་ས་ཡིན་ཞིང་། སྐབས་དེའི་མིང་ལ་འདྲེ་ལུང་སྐྱ་མོ་ཞེས་ཀྱང་འབོད་པར་སྐད། IMG_4404.JPG

 རས་ཆེན་ཕུག་ཏུ་ཡོད་པའི་མི་ལའི་ཞབས་རྗེས།  

         དུང་དཀར་ཚིག་མཛོད་ལས“ལ་ཕྱི་གངས་ར་ནི། གངས་རྒྱལ་མོ་མཐོན་མཐིང་ངམ་ཡོངས་གྲགས་སུ་ཇོ་མོ་གླང་མར་འབོད་པ་དེ་ཡིན། སངས་རྒྱས་ཆོས་ལུགས་གྱི་གསང་སྔགས་ཀྱི་གཞུང་ནས་བཤད་ཚུལ་ལ། གངས་རི་འདི་བཞིན་འཁོར་ལོ་བདེ་མཆོག་གི་ཡུལ་ཉི་ཤུ་རྩ་བཞིའི་ནང་ཚན་གོོ་དཱ་ཝ་རི་ཡིན་ཞེས་བཤད་སྲོལ་ཡོད”ཅེས་གསུངས་མོད།  གནས་འདི་ལེགས་སྦྱར་གྱི”གཽ་དྷཱ་ཝ་རི”དང་བོད་སྐད་དུ”སྙན་གཡོན”ཞེས་འབོད་པ་གང་དེ་ཡིན་པ་དང་།IMG_4401.JPG

                                                        འོད་གསལ་ཟེ་བ་ཕུག

           གཽ་དྷཱ་ཝ་རའམ་སྙན་གཡོན་ནི”བདེ་མཆོག་གི་སྙན་གཡོན་པ”རང་བྱོན་བབས་པར་གྲགས་པའི་བྲག་རྗེས་རི་མོ་ངོ་མཚར་ཅན་ད་ལྟའང་མཐོང་རྒྱུ་ཡོད་པ་འདི་རྒྱུ་མཚན་བྱས་ཏེ་མིང་དེ་ལྟར་ཐོགས་པ་དང་། རྗེ་མི་ལའི་མགུར་འབུམ་རང་ན་ལ་ཕྱིའི་གནས་ཀྱི་བཀོད་པ་ངོས་འཛིན་གནང་དུས”སྟེང་ནམ་མཁའ་གྲུ་གསུམ། བར་ཆུ་བོ་གྲུ་གསུམ།  འོག་ས་གཞི་གྲུ་གསུམ”ཏེ”ཆོས་འབྱུང་སུམ་བརྩིགས”ཀྱི་རྣམ་པར་བཤད་པ་དེ་ཡང”གནས་མཐིལ་ཆོས་འབྱུང”ངམ”བདུད་འདུལ་ཕུག་མོ་ཆེ”རང་ཡིན་པ་མགུར་འབུམ་དུ་གསལ་གསལ་འདུག་ལ།    ལོ་མང་ལ་ཕྱིའི་ཡུལ་དུ་སྒྲུབ་པ་ལ་གནས་པའི་རྡོར་འཛིན་དོན་གྲུབ་དབང་ལྡན་གྱིས་བརྩམས་པའི《ལ་ཕྱིའི་གནས་ཀྱི་བྱུང་བ་དྭངས་གསལ་ཤེལ་གྱི་མེ་ལོང》དུའང་ལ་ཕྱི་ནི”གནས་མཐིལ་ཆོས་འབྱུང་ཐང”དང་དེའི”རྒྱབ་རི”བཅས་ལ་གོ་དགོས་པ་ནན་གྱིས་བཤད་འདུག IMG_4397.JPG

རམ་ལྡང་ཕུག

       གནས་འདི་ནས་མི་ལ་བཞད་པ་རྡོ་རྗེ།  རས་ཆུང་རྡོ་རྗེ་གྲགས་པ།  ལ་ཕྱི་ནམ་མཁའ་རྒྱལ་མཚན།  གཙང་སྨྱོན་ཧེ་རུ་ཀ་སོགས་སེམས་ཉིད་གླུ་རུ་ལེན་མཁས་ཀྱི་དམ་པ་མང་པོས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་མྱོང་བར་གདའོ།།IMG_4399.JPG

ལ་ཕྱི་ནམ་མཁའ་རྒྱལ་མཚན་གྱི་གདུང་རྟེན།

 

(གནས་ཆེན་འདི་དག་གི་པར་རིས་ལ་ཕྱི་ཚོགས་པའི་ཚོགས་གཙོ་རྒན་ཚེ་ནོར་ལགས་ཀྱིས་ངེད་དྲ་བར་གནང་པ་ཡིན།)
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།